ཨ་མདོ་རྔ་པ་རུ་སློབ་མའི་ཟས་བཅད་ངོ་རྒོལ།
ཀ་ཉག་ཚེ་རིང་ལགས་ཀྱིས་དྷ་ས་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ཟླ་འདིའི་ཚེས་༡༦ ཉིན་ཨ་མདོ་རྔ་པ་ནས་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་སྤེལ་ནས་ཚེ་སྲོག་ཤོར་བ་དང་། དེ་རྗེས་ཕྱི་ཚེས་ ༡༧ ཙམ་ནས་རྔ་པ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་བྱས་འདུག་ཀྱང་། སློབ་གྲྭའི་ནང་གི་དགེ་སློབ་མང་པོར་གཞུང་གིས་ལག་ཁྱེར་ཁ་པར་ཕྲོགས་ཡོད་པ་མ་ཟད། སློབ་གྲྭའི་ཕྱི་ནང་གི་འགྲུལ་བཞུད་ཡོངས་རྫོགས་ཉེན་རྟོག་པ་དམག་མིས་བཀག་འགོག་བྱས་ཏེ། སློབ་མ་ཚོའི་ནང་མི་ཚོ་ཡང་ཐུག་འཕྲད་བྱེད་འཇུག་གི་མེད་སྟབས། སློབ་གྲྭའི་ནང་གི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མ་བྱུང་ ནའང་། གནས་ཚུལ་ཡོང་ཁུངས་རེ་ཟུང་ནས་བཤད་པ་ལྟར་ན་ཕྱི་ཚེས་༢༣ ཉིན་ད་དུང་སློབ་གྲྭའི་ནང་ནས་ཟས་བཅད་ངོ་རྒོལ་མཚམས་བཞག་མེད་པའི་གནས་ཚུལ་འདུག་མོད། རྔ་པ་ཁུལ་ཡོད་སའི་འབར་ཁམས་ལའང་ཡོངས་གྲགས་ལྟ་བུ་ཆགས་མེད་པར་རྒྱ་གཞུང་གིས་གསང་རྒྱ་དམ་པོར་བྱས་ཡོད་པས་ད་ལྟའི་ཆར་སློབ་མ་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ།
ཕྱི་ཚེས་༢༢ ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་རྔ་པ་ཀིརྟིའི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་༡༩ ཡིན་པ་ཁོང་དང་ཁོང་གི་ཨ་ཞང་བློ་བཟང་བརྩོན་འགྲུས། རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྡོར་ཁོ་ཚང་གི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བསམ་འགྲུབ། བཅས་འཛིན་བཟུང་བཀག་ཉར་བྱས་འདུག
ཁོང་རྣམས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིབ་བཟུང་བྱས་པ་ཡིན་འདུག
དགེ་འདུན་པ་བསམ་འགྲུབ་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་ཉེས་མིང་འོག་ཟླ་ཤས་རིང་འཛིན་བཟུང་བཀག་ཉར་བྱས། དེ་རྗེས་ལོ་དེའི་ཟླ་ ༩ ཚེས་༢༤ ཉིན་ཀིརྟིའི་དགོན་པའི་གྲྭ་པ་མང་པོ་ཞིག་ལ་དམག་མིས་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་སྐབས་ཁོང་ནི་རྨས་སྐྱོན་ཚབས་ཆེན་ཕོག་སའི་གྲས་ཡིན་པ་དང་། དེང་སྐབས་ཉེན་རྟོག་པ་དང་དམག་མི་ཚོས་མཚན་མོ་འཛིན་བཟུང་མཚན་མོ་བྱེད་ཀྱིན་ཡོད་པ་ལྟར། རྔ་པ་ཀིརྟིའི་དགོན་དུ་ཡང་མཚན་མོ་གླིང་བར་སོགས་ལ་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་སྐོར་སྲུང་བྱེད་བཞིན་ཡོད་པ་དེར་ཐུག་པའི་དགེ་འདུན་པ་ཁ་ཤས་ལ་གཅར་རྡུང་དྲག་པོ་བྱས་ཡོད་འདུག
ཡང་ཕྱི་ཚེས་༢༤ ཉིན་རྔ་པ་རྫོང་མཐའ་བ་གོང་མ་དང་འགབ་མ་གཉིས་ལ་རྒྱ་གཞུང་གིས་ཚོགས་འདུ་བསྡུས་ནས་ཁྱེད་ཚོ་མི་མང་གིས་རྔ་པ་ཀིརྟིའི་དགོན་པ་སྲུང་བྱ་བྱེད་དགོས་ཚུལ་དང་། གལ་སྲིད་སུ་མ་སོང་ན་ཉིན་རེར་རྒྱ་སྒོར་སུམ་བཅུའི་ཆད་པ་གཅོད་རྒྱུ་ཡིན་ཞེས་མི་མང་ལ་དེ་ལྟར་བཙན་བཀའ་གཏོང་གི་ཡོད་འདུག
དེང་སྐབས་ཕྱི་ལ་ཐོན་བཞིན་པའི་གནས་ཚུལ་མང་པོ་ཞིག་རྔ་པ་སྲིད་གཞུང་དང་ཉེ་འཁོར་གྱི་གྲོང་པ་དང་དགོན་པའི་ནང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཙམ་ཡིན་པ་ལས། རྫོང་དང་ཐག་རིང་ཙམ་གྱི་དགོན་གྲོང་རྣམས་ཀྱི་གནས་ཚུལ་རག་ཁག་པོ་ཆགས་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༦ ལ།
{jcomments on}