བོད་ནང་དམག་མི་ཕོན་ཆེན་འབྱོར་བཞིན་འདུག
ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཞིག་གིས་བརྗོད་པ་ལྟར་ན། ཉེ་བའི་བདུན་ཕྲག་གཉིས་གསུམ་ཙམ་གྱི་སྔོན་ནས་དར་རྩེ་མདོ་བརྒྱུད་ནས་རྟའུ་རྫོང་དང་ཉག་རོང་རྫོང་། བྲག་འགོ་རྫོང་། དཀར་མཛེས་རྫོང་སོགས་སུ་རྒྱ་དམག་ཕོན་ཆེན་འབྱོར་བཞིན་ཡོད་པ་དང་། དམག་མི་དེ་དག་གིས་སྟོབས་དང་དཔུང་། བརྗིད་ཉམ་ངོམ་ནས་སྤྱིར་བཏང་གི་ཡུལ་མི་དཀྱུས་མ་ཞིག་ཡིན་ཡང་རང་བཞིན་གྱིས་ཞེད་སྣང་སྐྱེས་དགོས་པ་དང་། དམག་འཁྲུག་ཆེན་པོ་ཞིག་གྲ་སྒྲིག་བྱེད་ཀྱི་མེད་དམ་སྙམ་པའི་དངངས་འཚབ་སྐྱེས་དགོས་པའི་གནས་ཚུལ་ཞིག་འདུག་ཅེས་བརྗོད་ཀྱི་འདུག
ད་དུང་ཁོང་གིས་ ༢༠༠༨ ལོར་བོད་ནང་རྒྱ་ནག་ལ་ངོ་རྒོལ་སྐབས་འདི་ལྟ་བུའི་དམག་དཔུང་མང་པོ་འབྱོར་ནས་དཀར་མཛེས་ཁུལ་གྱི་ས་ཆ་གང་སར་དྲག་གནོན་དང་གཏོར་བཅོམ་བྱས་པ་རེད། ད་ལོ་ཡང་གནས་ཚུལ་ག་རེ་ཡོང་གྲབས་ཡོད་དམ་སྙམ་པའི་དངངས་སྐྲག་སྐྱེས་དགོས་པ་ཞིག་འདུག་ཅེས་བརྗོད་སོང། ཡུལ་མི་གཞན་ཞིག་གིས་བརྗོད་པ་ལྟར་ན་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་པའི་རྗེས་དྲན་”ཟེར་བར་བོད་པས་དགའ་མོས་བྱེད་ཀྱི་མེད་པ་དང་། དེང་སྐབས་རྒྱ་ནག་གི་ས་ཁུལ་མང་པོ་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་མངོན་ལྐོག་གཉིས་ནས་ཐོན་བཞིན་པ་ཡིན་པས། དུས་དྲན་འདི་འདྲའི་སྐབས་ཡར་ལངས་གནས་ཚུལ་འབྱུང་མི་སྲིད་པ་མིན་པར་བརྟེན། རྒྱ་གཞུང་གིས་དྲག་གནོད་བྱེད་ཆོག་ཆོག་གིས་གྲ་སྒྲིག་བྱས་ནས་དར་རྩེ་མདོ་དང་། རྟའུ། ཉག་རོང། བྲག་མགོ དཀར་མཛེས། ལི་ཐང་སོགས་སུ་དམག་མིའི་རླང་འཁོར་མང་པོ་ཉིན་མཚན་བྱས་ནས་འབྱོར་གྱི་འདུག དམག་མི་ཚོས་རྫིག་ཉམ་དང་། དཔུང་ཉམ་གྱིས་མི་སེར་རྣམས་ལ་རང་བཞིན་གྱིས་དངངས་སྐྲག་སྐྱེས་འཇུག་གི་འདུག་ཅེས་བརྗོད་སོང་།
དེ་མིན་མི་ཉག་པའི་ཡུལ་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་མདོ་ཁམས་མི་ཉག་ཡུལ་གྱི་དགོན་པ་གསར་རྙིང་མང་པོ་ཞིག་ལ་ཞིང་ཆེན་ཡན་གྱི་ཆོག་མཆན་ཡིག་ཆ་མེད་ན་དགོན་པ་གསར་བཞེངས་དང་། བསྐྱར་བཞེངས་སོགས་བྱེད་མི་ཆོག་པ་དང་། གྲྭ་བཙུན་ཚོར་གཞུང་གི་གྲྭ་པའི་ཐོབ་དཔང་ངེས་པར་དགོས་པ་མ་ཟད། དགོན་པའི་ནང་ལྷ་སྐུ་ཧྥེ་ཁྲུ་ལྔ་ཡན་གྱི་མཐོ་ཚད་ཅན་བཞེངས་དགོས་ན་ཞིང་ཆེན་ཡན་གྱི་ཆོག་ཡིག་དགོས་པའི་བཀའ་རྒྱ་བཀྲམ་གྱི་འདུག་ཅེས་བརྗོད་ཀྱི་ཡོད་འདུག །
མེ་སོར་གསར་འགོད་པས།
{jcomments on}