ལས་འཆར་ཚོགས་ཆུང་གི་སྙན་ཐོར་བཀའ་ཁྲིས་གསལ་བཤད།

ཟླ་འདིའི་ཚེས་༢༥ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག ༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་ལག་ལེན་བསྟར་ཕྱོགས་ཐད་ལ་ལས་འཆར་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེས་གྲོས་ཚོགས་སུ་སྙན་ཐོ་ཞིག་ཕུལ་ཡོད་པ་དང་། ལས་འཆར་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཁྲི་ཟམ་གདོང་རིན་པོོ་ཆེ་མཆོག་གིས་སྙན་ཐོ་དེ་ལ་གསལ་བཤད་གནང་དོན། “ལས་འཆར་ཚུགས་ཆུང་གི་སྙན་ཐོ་དེ་བཀུར་འོས་ཚོགས་གཙོ་མཆོག་གིས་བསྐོ་བཞག་གི་ཕྱག་བྲིས་ནང་གང་ཡོད་པའི་ལས་དོན་དེའི་རྒྱ་ལས་མ་བརྒལ་བ་ཞིག་ཕུལ་ཡོད་བསམ་གྱི་ཡོད། ཁ་སང་བཀའ་མོལ་ཁ་ཤས་ཀྱི་འཕྲོས་ལ་ལས་ལས་དོན་ཚོགས་ཆུང་གི་སོ་སོའི་ལས་དོན་གྱི་རྒྱ་ལས་བརྒལ་ནས་རྒྱབ་གཉེར་ཞུས་འདུག་ཅེས་གསུང་མཁན་བྱུང་སོང། དེ་འདྲ་རྩ་བ་ནས་མ་རེད་ཅེས་ཞུ་འདོད་བྱུང་། གང་ཡིན་ཞེ་ན་ཚོགས་གཙོའི་བསྐོ་བཞག་རང་གི་ནང་གསུང་འཕྲིན་རིན་པོ་ཆེ་ཉམས་ལེན་ལག་བསྟར་ཞུ་ཕྱོགས་ཀྱི་ཐད་ལ་ལས་འཆར་སྒྲིག་དགོས་ཞེས་གསུངས་ཡོད་པ་དང། ལག་བསྟར་ཞུ་ཕྱོགས་ཀྱི་ལས་འཆར་སྒྲིག་པར་བཅའ་ཁྲིམས་བསྐྱར་བཅོས་དང་། དེའི་རྗེས་ཀྱི་བརྗོད་ཚིག་གསར་པ་འཁོད་དགོས་པ་བཅས་ལ་ལག་ལེན་མ་ཞུས་པར། ཚོགས་ཆུང་འཛུགས་དགོས་ཀྱི་རེད་ཚོགས་འདུ་འཚོག་དགོས་ཀྱི་རེད་ཅེས་དེ་འདྲ་ཞིག་བྲིས་པ་ཡིན་ན། ལས་འཆར་ཚོགས་ཆུང་འཛུགས་མི་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་ལས་འཆར་ཚོགས་ཆུང་གི་ངོས་ནས་བཀོད་ཁྱབ་ཀྱི་རྒྱ་ལས་མ་བརྒལ་བ་ཞིག་གནང་ཡོད་ཅེས་ཞུ་རྒྱུའི་འདོད་པ་བྱུང་སོང།

ལས་འཆར་ཚོགས་ཆུང་གི་སྙན་ཐོ་བྲིས་པའི་སྐབས་ལ་བསམ་བློའི་ནང་ཚོགས་གཙོའི་ལམ་སྟོན་གནང་བ་གཞིར་བཟུང་དགོས་རྒྱུ་དེ་བརྗོད་མི་དགོས་པ་རེད། དེའི་ཐོག་བསམ་བློའི་གཞིར་རྩར་འཇོག་ས་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྨོས་མེད་དང། དེ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཞོགས་ཚོགས་ཀྱི་གསུང་བཤད་ནང་དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་བཀའ་སློབ་ཟབ་ཅིང་རྒྱས་པ་ཞིག་ཕེབས་པ་རེད། བཀའ་སློབ་དེ་འབྲེལ་མེད་དུ་ཕེབས་པ་རེད་བསམ་གྱི་མེད། གྲོས་ཚོགས་གི་ནང་ལ་གནས་ཚུལ་དེའི་ཐོག་ལ་བགྲོ་གླེང་དང་ལས་རིམ་འགྲོ་བཞིན་ཡོད་པས། དེ་ལ་འབྲེལ་བ་བཏགས་ནས་༧གོང་ས་མཆོག་གིས་བཀའ་སློབ་དེ་ཕེབས་པ་རེད་བསམ་གྱི་ཡོད། བཀའ་སློབ་དེའི་ནང་གསུང་འཕྲིན་ནང་དངོས་སུ་མ་གསལ་བའི་གནས་ཚུལ་ཁག་གཉིས་བཀའ་གནང་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་རྒྱུའི་ཆེད་དུ་གང་དང་གང་དགོས་ཀྱི་ཡོད་མེད་དང། ༧གོང་ས་མཆོག་གི་རང་གི་ངོས་ནས་ནམ་རྒྱུན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་ལོགས་སུ་ཇི་ལྟར་བསྟན་གནང་གི་ཡོད་མེད་བཅས་བཀའ་གནང་ཡོད་པ་དང།  དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་བཀའ་ཞིག་གནང་ཡོད་པ་རེད། གནད་དོན་དེ་གསུམ་པོ་གྲོས་ཚོགས་ཀྱི་ལས་དོན་འདི་དང་འབྲེལ་བ་ཆགས་ཀྱི་ཡོད་པས་བཀའ་གནང་བ་རེད་བསམ་གྱི་ཡོད།

དེ་ཡང་སྐུ་དབང་རྩིས་སྤྲོད་དང་སྒྲིག་འཛུགས་རྒྱུན་གནས་གཉིས་ཀ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་དང། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་ད་ཐེངས་ཁྲིམས་བཟོའི་ལས་དོན་དང་གང་ཡང་འབྲེལ་བ་ཆགས་ཀྱི་མེད་པ་དང། ཡིན་ནའང་སྐུ་དབང་རྩིས་སྤྲོད་དང་གནས་ཚུལ་གཞན་གཉིས་དེ་ཁྲིམས་བཟོའི་ལས་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པས། དེ་རིང་བསྐྱར་བཅོས་ཀྱི་ལས་རིམ་འདིའི་ཐོག་ལ་གནས་ཚུལ་གཞན་པ་དེ་ཚོའང་ཕེབས་ཐུབ་པ་ཡིན་ན། དངོས་གསལ་དོད་པོ་ཁྱོན་ནས་མེད་པའི་ཐོག་ནས་འགྲོ་ཡི་རེད་བསམ་པ་བྱུང། ད་ལྟ་ང་ཚོའི་སྒྲིག་འཛུགས་ཀྱི་མིང་འདོགས་ཕྱོགས་སྐོར་ལ་ཆེས་མཐོའི་ཁྲིམས་ཁང་ཁག་གི་ནང་ལ་ཁ་འཆུ་ཁག་གཉིས་ཡོད་བཞིན་པ་རེད། མ་འོངས་པར་ཁ་འཆུ་དེ་ཚོ་རྒྱུ་ཕྱོགས་གང་འདྲ་ཆགས་ཀྱི་ཡོད་མེད་བཤད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཁབ་གཞན་པར་གནོན་ཤུགས་སྤྲད་པའི་སྐབས་ལ་སྔོན་དང་མི་འདྲ་བར། དེང་སང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འདྲ་བཤུས་རང་འཁྱེར་ཏེ། དེའི་ནང་ནས་ལུང་བགྲང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། དེ་ཚོ་ཡང་ང་ཚོས་མཁྱེན་དགོས་པ་དང་གནས་ཚུལ་དེ་༢༠༠༨ རྗེས་སུ་བྱུང་བའི་གནས་ཚུལ་ཞིག་རེད་མ་གཏོགས། དེའི་སྔོན་དུ་ཁོ་ཚོས་བཅའ་ཁྲིམས་ཀྱི་འདྲ་བཤུས་འཁྱེར་ནས་གནོན་ཤུགས་སྤྲད་པ་ཞིག་ངས་ཤེས་ཀྱི་མེད། ༢༠༠༨ རྗེས་སུ་ཡུ་རོབ་དང་ཨ་རི་མཚོན་པའི་རྒྱལ་ཁབ་གང་དུའང་ཁོ་ཚོས་གནོན་ཤུགས་སྤྲད་པའི་སྐབས་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ངོ་བཤུས་འཁྱེར་ནས་བྱེད་ཀྱི་ཡོད་པ་རེད།

ཡིན་ནའང་ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་བོད་ཡིག་རྐྱང་པ་མ་གཏོགས། གཞུང་འབྲེལ་གྱིས་སྐད་ཡིག་གཞན་ནང་བསྒྱུར་ནས་ཚད་འཛིན་བྱས་ཡོད་པ་མ་རེད། དེ་ཚད་འཛིན་མ་བྱས་པ་དེས་མི་མང་པོའི་བསམ་བློ་ནང་ལས་ཀ་མ་འཇོན་པ་དང་མ་ཐུབ་པ་ཞིག་ལ་བརྩིས་པ་རེད་དེ་ལ་ཁྱད་པར་གང་ཡང་མི་འདུག ཡིན་ནའང་སྐད་ཡིག་གཞན་པའི་ནང་ཚད་འཛིན་མ་བྱས་པར་བཞག་པ་དེས་ཆབ་སྲིད་ཀྱི་ཐོག་ལ་ཕན་ཐོགས་མང་པོ་བྱུང་ཡོད་པ་རེད། དེར་བརྟེན་འདི་ཚོའི་རིགས་དེ་ཟུར་དུ་བསྐྱར་བཅོས་ཤིག་བྱེད་དགོས་ན། དངོས་གསལ་དོད་པོ་ཞིག་ཆགས་ཀྱི་རེད་ལ་བརྒྱུད་ལམ་མང་པོ་ཞིག་ནས་རྙོག་དྲ་ཡོང་གི་རེད་བསམ་གྱི་འདུག དེ་རིང་སྐུ་དབང་གི་ཐོག་ལ་བསྒྱུར་བཅོས་ཆེན་པོ་ཞིག་འགྲོ་ཡི་ཡོད་པས། ཚང་མའི་དོ་སྣང་དེ་སྐུ་དབང་བསྐྱར་བཅོས་ཀྱི་སྐོར་ལ་ཕྱིན་པ་མ་གཏོགས་ཚིག་ཆ་ངེ་ཆུང་ངེ་དེ་ཚོར་དོ་སྣང་ཡོང་གི་མ་རེད་བསམ་གྱི་འདུག དེ་འདྲ་ཕྱིན་ན་ཡག་པོ་རེད་དེ་ལས་འཆར་ཚོགས་ཆུང་གི་ངོས་ནས་ཨུ་ཚུགས་བྱེད་རྒྱུ་གང་ཡང་མེད། དེ་མ་འོངས་པ་སྤྱི་འཐུས་ལྷན་ཚོགས་ནས་ཐག་བཅད་ནས་འགྲོ་དགོས་པ་ཞིག་རེད། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ནང་དུ་མི་གསུམ་པ་ཞིག་བསྐྱར་དུ་འདེམས་མི་དགོས་པ་ཞིག་དང། ད་ལྟ་ཡོད་པའི་མང་གཙོས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་གྲོས་ཚོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་གྱི་ཐོག་ནས་༧གོང་ས་མཆོག་གི་མཛད་དབང་ཚང་མ་ཆ་བགོས་བྱེད་ཐུབ་པ་ཡིན་ན། ཡག་པོ་ཡོང་ས་རེད་བསམ་པ་དེ་གནད་འགག་ཆེན་པོ་ཞེ་དྲག་ཡིན། བསམ་ཚུལ་དེ་དང་སྔོན་གླེང་དང་དོན་ཚན་དང་པོ་བཞག་པ་བཅས་ཀྱི་དབར་འབྲེལ་བ་ཆེན་པོ་ཞེ་དྲག་ཡོད།

སྔོན་གླེང་དང་དོན་ཚན་དང་པོ་འཇོག་དགོས་པ་དེ། ད་ཡོད་ཀྱི་མི་ཚང་མ་ནས་མ་གཏོགས་མི་གསར་པ་ཞིག་འོས་འདེམས་བྱེད་མི་དགོས་པའི་ཐོག་ནས། དབང་ཆ་ཆ་བགོས་གནང་ཕྱོགས་དེ་དམིགས་ཡུལ་དང་པོ་ཡིན། དགའ་ལྡན་ཕོ་བྲང་གི་མངའ་དབང་མཇུག་བསྡུ་བྱས་པ་ཡིན་ནའང་། དགའ་ལྡན་ཕོ་བྲང་གི་རྒྱུན་ནས་ཡོང་བའི་ལོ་༤༠༠ ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ཁྲིམས་མཐུན་གྱི་གཞུང་དེ། མིང་གསར་པ་གང་བཏགས་ཀྱང་བར་མ་ཆད་པའི་ཐོག་ནས་འགྲོ་ཡི་ཡོད་པ་ལ་བརྟེན་ནས། འབྱུང་འགྱུར་གྱི་བཙན་བྱོལ་གཞུང་དེ་གནའ་བོའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ་དང། ལོ་རྒྱུས་ཀྱི་ཐོག་ནས་རག་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་དེ་ཁྲིམས་ཀྱི་ཐོག་དང། ལོ་རྒྱུས་བྱུང་རབས་ཀྱི་ཐོག  མི་མང་གི་མངོན་འདོད་ཀྱིི་ཐོག་ནས་རག་དགོས་ཀྱི་ཡོད་པ་རེད། ཁྲིམས་མཐུན་གྱི་གནས་བབ་དེ་ཡོང་ས་གསུམ་མ་གཏོགས་ཡོད་མ་རེད། དེ་གསུམ་གྱི་ནང་ནས་བྱུང་རབས་ཀྱི་ཐོག་ནས་ཡོང་རྒྱུའི་ཁྲིམས་མཐུན་གྱི་གཞུང་དེ་ང་ཚོས་ངེས་པར་དུ་གཅེས་ཉར་བྱེད་དགོས་ཀྱི་ཡོད་པ་རེད།  དེ་མ་ཉར་བར་མཚམས་ཆད་པ་ཡིན་ན་རྒྱལ་སྤྱིའི་ཁྲིམས་མཐུན་དང་བྱུང་རབས་ཀྱི་གནད་དོན་གང་གི་ཐོག་ནས། ང་ཚོའི་ཁྲིམས་མཐུན་གྱི་གཞུང་དེ་བརླག་རྒྱུའི་ཉེན་ཁ་ཡོད་པས་དེ་མ་བརླག་པའི་ཆེད་དུ་བྱུང་རབས་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ང་ཚོས་ཉར་རྒྱུ་དེ་དམིགས་ཡུལ་དང་པོ་དེ་རེད། དེར་བརྟེན་སྔོན་མ་རང་བཙན་གྱི་མངའ་དབང་ཆ་ཚང་ལྡན་པའི་གཞུང་ཡིན་པ་དང། དེ་ནས་བཅའ་ཁྲིམས་ཅན་གྱི་བཙན་བྱོལ་གྱི་གཞུང་ནང་འགྱུར་བ་ཕྱིན་པ། དེ་ནས་མང་གཙོའི་ལམ་ལུགས་སུ་ཕྱིན་པ། དེ་ནས་དགའ་ལྡན་ཕོ་བྲང་གི་མཇུག་རྫོགས་པ། དེའི་ཉེར་ལེན་གྱིས་བསྐྱར་བཅོས་བྱས་པའི་བཅའ་ཁྲིམས་དེའི་ཐོག་ནས་མ་འོངས་པའི་བཙན་བྱོལ་གཞུང་དེ་བསྐྱང་རྒྱུ་ཡིན་པའི་གནས་ཚུལ་དེ་ནས་འཁོད་པ་ཡིན་ན། བྱུང་རབས་ཀྱི་གནས་བབ་ལ་གཞིག་པའི་ཁྲིམས་མཐུན་གྱི་གནས་བབ་དེ་རག་གི་རེད་བསམ་གྱི་ཡོད། གོང་བརྗོད་དེ་དང་མཉམ་དུ་༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་རང་དབང་གི་མངོན་འདུན་བརྟེན་པའི་ཁྲིམས་མཐུན་གྱི་གནས་བབ་ཞིག་ཡོད་པ་དང། དེ་ཡང་དེ་རིང་གི་སྔོན་གླེང་དང་དོན་ཚན་དང་པོ་འདིའི་ཐོག་ནས་ཉར་ཐུབ་ཀྱི་རེད་བསམ་གྱིི་འདུག

གསུམ་པ་དེར་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་རྫོགས་པ་དང།  ༧རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་གནང་རྒྱུ་མཇུག་བསྡུས་པ་ཡིན་ནའང། ༧རྒྱལ་བ་སྐུ་འཕྲེང་ན་རིམ་དང་ལྷག་པར་དུ་༧རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་དང་བོད་མི་མང་ཚོགས། ལྷག་པར་དུ་བོད་ཁྲིམས་མཐུན་གྱི་གཞུང་དབར་འབྲེལ་བ་མ་ཆད་པར་བྱས་ནས་ད་དུང་ཁྲིམས་མཐུན་གྱི་འབྲེལ་བ་ཞིག་དགོས་པ་དང། རྒྱལ་ཁབ་ཀྱི་དབུ་འཛིན་མིན་པ་དང་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་མིན་པ་ཞིག་ཆགས་པ་ཡིན་ནའང།  ད་དུང་འབྲེལ་བ་ཞིག་དང་ལམ་ཁ་ཞིག་ཁྲིམས་མཐུན་གྱི་ཐོག་ནས་གནས་དགོས་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག དེའི་ཐོག་ནས་ད་ལྟའི་སྔོན་གླེང་དང་དོན་ཚན་དང་པོ་དེའི་འཆར་གཞི་ཞིག་ཕུལ་བ་རེད། ཡིན་ནའང་ད་ལྟའི་འཆར་གཞིའི་ནང་གང་ཡོད་པ་དེ་ཇི་བཞིན་གནས་དགོས་ཀྱི་ཡོད་རེད་ཅེས་ངས་ཞུ་ཡི་མེད། ཚིག་ཡར་འཐེན་མར་འཐེན་བྱེད་དགོས་པ་ད་དུང་ཡར་རྒྱས་གཏོང་དགོས་པ་མང་པོ་ཞེ་དྲག་ཡོད་རེད་ལ། མི་མང་པོའི་རྣམ་དཔྱོད་བསྡུར་བ་ཡིན་ན་ཡར་རྒྱས་གཏོང་རྒྱུ་མང་པོ་ཞེ་དྲག་ཡོད་པ་རེད། དུས་ཐུང་ནང་མགྱོགས་པོ་བྲིས་པའི་ཟིན་བྲིས་ཤིག་ཆ་ཚང་ཡང་དག་པ་ཡོང་རྒྱུར་ཞེ་དྲག་ཁག་པོ་རེད། ཡིན་ནའང་སྒྲོམ་གཞི་དེའི་ནང་གི་སྔོན་གླེང་དང་དོན་ཚན་དང་པོ་དེ་ད་ལྟ་ང་ཚོས་འཆར་གཞི་གང་ཕུལ་བ་དེ་བཞིན་གནས་ཐུབ་པ་ཡིན་ན་གནད་འགག་ཡོད་དྲན་གྱི་ཡོད། དེ་འདྲ་ཞིག་ཡོང་ཆེད་དུ་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་བའི་སྐབས་ལ། ཞལ་བཞེས་གནང་རྒྱུའི་གདེང་ཚོད་ག་འདྲ་ཡོད་ཅེས་བཀའ་གནང་སོང་བར་ལན་ཞུ་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད། ལས་ཀ་བྱེད་པ་ཚང་མ་གདེང་ཚོད་ཡོད་པའི་ཐོག་ནས་གནང་དགོས་ཀྱི་ཡོད་ན། ཁ་སང་ང་ཚོས་ཡར་གསོལ་བ་བཏབ་པའི་སྐབས་ལ་གདེང་ཚོད་ཡོད་ནས་གསོལ་བ་བཏབ་པ་ཞིག་གང་ཡང་མ་རེད། གདེང་ཚོད་ཡོད་མེད་ལ་མ་ལྟོས་པར་ང་ཚོས་གསོལ་བཏབ་པ་རེད། མ་འོངས་པར་གདེང་ཚོད་ཡོད་མེད་ལ་མ་ལྟོས་པར་གསོལ་བ་འདེབས་དགོས་ཀྱི་རེད་བསམ་གྱི་འདུག དེ་ནས་མི་མང་པོའི་མཚན་རྟགས་བསྡུ་རུབ་བྱས་ནས་འབུལ་གྱི་ཡིན་ཞེས་དགོངས་འཆར་དེ་འདྲའང་གནང་གི་ཡོད་པ་རེད། མཚན་རྟགས་བསྡུ་རུབ་བྱས་ནས་འབུལ་རྒྱུའི་ལས་འཆར་ལ་༧གོང་ས་མཆོག་གིས་ཞལ་བཞེས་གནང་རྒྱུའི་གདེང་ཚོད་ཡོད་དམ་ཞེས་ཕར་དྲིས་ན་ཡོད་ཅེས་བརྗོད་རྒྱུ་ཁག་པོ་རེད་བསམ་གྱི་འདུག གང་ལྟར་མིའི་སྤྱི་ཚོགས་སུ་མི་རྣམས་རེ་བས་ཚོར་གྱི་ཡོད་པ་རེད་ཅེས་རྒྱ་གར་གྱི་གཏམ་དཔེ་བཞིན། ང་ཚོ་རེ་བ་ཞིག་གི་ཐོག་ལ་འགྲོ་བའི་སྐབས་ལ་གསོལ་བ་འདེབས་པ་ལ་ཁྱད་པར་ཡོད་མ་རེད་བསམ་གྱི་ཡོད།

དེ་ནས་དམིགས་བསལ་ཚོགས་ཆེན་ནམ་ཡང་ན་མི་མང་ལ་མར་བཀའ་འདྲི་གནང་རྒྱུ། ཡང་ན་རྒྱལ་ཡོངས་ཚོགས་ཆེན་འཚོག་རྒྱུའི་བསམ་འཆར་ཞིག་ང་ཚོའི་སྙན་ཐོ་ནང་བཏོན་ཡོད་པ་རེད། དེ་བཏོན་པ་དེ་༧གོང་ས་མཆོག་ལ་གསོལ་བ་གདབ་རྒྱུའི་ལས་རིམ་དེ་མང་ཚོགས་ཀྱི་མོས་མཐུན་ཡོད་པ་ཞིག་དང་། གཞི་རིམ་མང་ཚོགས་གཞི་རྒྱ་ཆེ་བ་ཞིག་གི་ཐོག་ནས་གསོལ་བ་བཏབ་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད་རེད་མ་གཏོགས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་དེ་ཁྲིམས་སྲོལ་གྱི་ལས་རིམ་ཞིག་ཡིན་པས། དེ་གྲོས་ཚོགས་རང་གི་ནང་གནང་རྒྱུ་ཞིག་རེད་མ་གཏོགས་མི་མང་ཚོགས་འདུ་འཚོགས་ནས་གནང་རྒྱུ་མེད་པ་དེ་གསལ་པོ་ཞེ་དྲག་རེད། དེར་བརྟེན་བཀའ་ཤག་གི་གསུམ་ཅུའི་གཏམ་བཤད་ཀྱི་ནང་དུ་ཁྲིམས་སྲོལ་གྱི་ལས་དོན་ཐོག་ལ་མཁྱེན་མཛངས་རྣམ་དཔྱོད་དང་ལྡན་པ་ཞིག་གི་ཐོག་ནས་ལམ་ཁ་མ་ནོར་བ་ཞིག་སྟོན་རོགས་གནང་ཞུས་པ་དེ། བཀའ་ཤག་གིས་རྡོག་མཁྲེགས་དེ་གྲོས་ཚོགས་ནང་ཕར་གཡུག་གི་ཡོད་པ་མ་རེད། དེའི་གནད་དོན་དེ་མི་མང་གིས་བྱེད་ཐུབ་ཀྱི་མ་རེད་འཛིན་སྐྱོང་གིས་བྱེད་ཐུབ་ཀྱི་མ་རེད། ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་ཀྱི་ཁ་ལོ་བསྒྱུར་སྟངས་ཤིག་གིས་གནང་དགོས་ཀྱི་ཡོད་པས་དེའི་ཐོག་ནས་གནང་རོགས་གནང་ཞུ་ཡི་ཡོད་རེད་མ་གཏོགས། ང་ཚོ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་དབར་རྡོག་མཁྲེགས་ཕར་གཡུག་ཚུར་གཡུག་གི་གནས་སྟངས་རྩ་བ་ནས་མེད་ལ། ག་དུས་ཡིན་ནའང་ཁུར་མཉམ་འཁྱེར་རང་གི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས་དེ་ལས་གཞན་པ་ཞིག་གང་ཡང་ཡོད་པ་མ་རེད།

བཅའ་ཁྲིམས་བསྐྱར་བཅོས་བྱེད་པའི་སྐབས་སུ། ཁ་སང་དོ་སྣང་བྱུང་བ་ཞིག་ལ་གྲོས་ཚོགས་ཀྱིས་ཁྲིམས་སུ་བཅས་པའི་ཁྲིམས་འཆར་རྣམས་ལ་མཚན་རྟགས་གནང་མཁན་གཞན་པ་ཞིག་དགོས་ཀྱི་ཡོད་དམ་མེད། དེ་མེད་པ་བྱས་ནས་བརྗོད་པ་གསུམ་གྱི་ཐོག་ནས་ཁྲིམས་དེ་གཏན་ལ་ཕབ། ཚོགས་གཙོས་གཏན་ལ་ཕབ་པའི་མཚན་གནས་དེ་གནང་བ་ཡིན་ན་དེ་རང་གཏན་ལ་ཕབ་པའི་ཁྲིམས་ཤིག་རྩིས་པ་ཡིན་ན་དེ་མ་འགྲིག་པ་ཁྱོན་ནས་མི་འདུག་བསམ་གྱི་འདུག འགྲོ་སྟངས་དེ་རྒྱལ་སྤྱིའི་གནས་བབ་དང་མཐུན་པ་ཞིག་རེད་བསམ་གྱི་འདུག དེའི་ནང་ནས་བསམ་བློའི་ནང་ད་ལྟ་གསལ་པོ་ཞེ་དྲག་མ་ཆགས་པ་ཞིག་གང་ཡོད་ཟེར་ན། གྲོས་ཚོགས་ཕྱིར་བསྣུར་དང་བར་མཚམས་འཇོག་རྒྱུ་ཞིག་ཡོད་པ་དེའི་དབང་ཆ་དེ། ༧གོང་ས་མཆོག་མེད་པའི་སྐབས་ལ་དེ་གང་དུ་འཇོག་དང་མི་འཇོག་གྲོས་ཚོགས་རང་ལ་བཞག་པ་ཡིན་ན་ཁྱད་མཚར་འདྲ་ཞིག་ཆགས་འགྲོ་ཡི་རེད་དམ། ད་ལྟ་ང་ཚོ་ཡོད་པའི་ནང་འཇོག་རྒྱུ་མེད་པ་ཞིག་རེད། ཆ་རྐྱེན་དེ་མེད་པ་བཟོས་ན་ཉེན་ཁ་གང་ཞིག་ཡོད་དམ་མེད། ཡང་ན་ཆ་རྐྱེན་དེ་འོས་ཤོག་བླུག་མཁན་གྱི་མི་མང་གི་ཐོག་ལ་མར་སྤྲོད་དགོས་ཀྱི་རེད་དམ་དེའི་ཐོག་ལ་དགོངས་པ་བཞེས་རྒྱུའི་གནས་ཚུལ་ཞིག་ལྷག་བསྡད་ཡོད་པ་རེད་བསམ་གྱི་འདུག

དེ་བཞིན་བཀའ་བློན་ཁྲི་པ་དང་བཀའ་ཤག་ཅིག་གིས་རང་འདོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་བྱུང་ན། ད་ལྟའི་སྐབས་ལ་༧གོང་ས་མཆོག་ལ་དགོངས་ཞུ་འབུལ་གྱི་ཡོད་རེད། མ་འོངས་པར་ཇི་ལྟར་གནང་ཕྱོགས་བཅའ་ཁྲིམས་ནང་གང་ཡང་གསལ་ཡོད་མ་རེད་ད་ལྟའི་འགྲོ་སྟངས་དེ་འདྲ་རེད། ཡིན་ནའང་མ་འོངས་པར་བཅའ་ཁྲིམས་ནང་མ་གསལ་བ་ཞིག་དང་ལམ་ཁ་གསར་པ་ཞིག་མ་ཡོང་བའི་སྐབས་ལ། དགོངས་ཞུ་དེ་ཚོགས་གཙོ་ལ་འབུལ་དགོས་ཀྱི་རེད་དམ་ཡང་ན་རྒྱུན་ལས་ལ་འབུལ་དགོས་ཀྱི་རེད། ཡང་ན་གྲོས་ཚོགས་ནང་འབུལ་དགོས་ཀྱི་རེད་དམ། དགོངས་པ་ཞུ་ཕྱོགས་ཀྱི་ཐབས་ལམ་ག་འདྲ་ཞིག་ཆགས་ཀྱི་ཡོད་མེད་གསལ་པོ་མེད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་གཉིས་པོ་དེ་ཐག་ཆོད་པ་ཡིན་ན་ད་ལྟའི་བཅའ་ཁྲིམས་དེ་མགོ་ནས་མཇུག་བར་བསྐྱར་བཅོས་གནང་རྒྱུ་ལ་སྐུ་ངལ་གང་ཞིག་འཕྲད་རྒྱུའི་བཟོ་ལྟ་འདྲ་ཞིག་ངས་མཐོང་གི་མི་འདུག སྤྱི་བཏང་གཞུང་འབྲེལ་གྲོས་འཆར་གྱི་ཐོག་ལ་བཀའ་བསྡུར་ཡོང་མདོག་ཁག་པོ་རེད། མ་འོངས་པར་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་འཛུགས་གནང་རྒྱུ་དེ་ངེས་པར་དུ་སྤྱི་འཐུས་ཆེད་འཛུགས་ཚོགས་ཆུང་ཞིག་བཙུགས་གནང་བ་ཡིན་ན་ཡག་པོ་ཡོང་ས་རེད་བསམ་གྱི་ཡོད། དེ་ལ་ཕྱི་ནང་གང་སར་འཛོམས་པའི་ཚོགས་ཆུང་ཞིག་འཛུགས་མི་དགོས་པར་འགྲོ་སྟངས་དང་མཐུན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག ཆེད་འཛུགས་ཚོགས་ཆུང་དེ་སུ་བཀའ་འགུག་གནང་ནའང་གནང་ཆོག་པ་དང། བགྲོ་གླེང་དེ་འདྲ་ཚོགས་ནས་ང་ཚོས་ཟིན་བྲིས་འདི་འདྲ་ཞིག་རྒྱག་གི་ཡིན། ཁྱད་མཁས་པ་དང་འཛིན་སྐྱོང་གི་མི་སྣ་དེ་འདྲ་ཤོག་ཟེར་ནས་བཀའ་གནང་ཆོག་གི་རེད། དེ་མ་གཏོགས་སྤྱི་བཏང་གི་ཕྱག་ལས་གནང་ཕྱོགས་དེ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཐོག་ནས་གནང་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག དེ་མ་གཏོགས་ཁྱད་ལས་པ་ཞེ་དྲག་བསྡུ་རུབ་དང་དུས་ཚོད་མང་པོ་གཏོང་དགོས་དགོས་པ་ངས་མཐོང་གི་མི་འདུག གྲོས་ཚོགས་རང་གི་ཆེད་འཛུགས་ཚོགས་ཆུང་གིས་ཐུགས་འགན་བཞེས་ནས་མི་སུ་སྐད་གཏོང་དགོས་ཀྱི་ཡོད་ནའང། བགྲོ་གླེང་གང་འཚོག་དགོས་ཀྱི་ཡོད་ནའང་དེ་ཚོ་བྱས་ན་ཟིན་བྲིས་དེ་བཟོ་མ་ཐུབ་པ་ཡོད་མ་རེད་བསམ་གྱི་འདུག

གང་ལྟར་ཡང་སྙིང་འཛིན་སྐྱོང་དང་ལས་འཆར་ཚོགས་ཆུང་གཉིས་ཀའི་ངོས་ནས་ནན་པོ་བྱས་ནས། ད་ཐེངས་ཀྱི་གྲོས་ཚོགས་འདི་ལ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་གཉིས་རང་ཡོད། བཅའ་ཁྲིམས་བསྐྱར་བཅོས་དེ་བཅའ་ཁྲིམས་བསྐྱར་བཅོས་རང་གི་ངོ་བོ་ལ་ཏག་ཏག་འགྲོ་ཐུབ་པ་ཞིག་དགོས་ཀྱི་འདུག སྐབས་བཅུ་བཞི་པས་གནང་གི་ཡོད་ནའང་རེད། སྐབས་བཅོ་ལྔ་པས་གནང་གི་ཡོད་ནའང་རེད། གང་ལྟར་བཅའ་ཁྲིམས་གསར་པ་བཟོས་པ་མ་ཡིན་པར་ད་ལྟ་བཅའ་ཁྲིམས་ཡོད་པ་ཁོ་རང་དོན་ཚན་བཅུ་གཅིག་པའི་ཆ་རྐྱེན་གྱི་འོག་ནས་བསྐྱར་བཅོས་འགྲོ་རྒྱུའི་གནས་སྟངས་དེ་ངེས་པར་དུ་གནང་དགོས་ཀྱི་རེད་ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་གཅིག་ཡིན། གཉིས་པ་དེ་བཅའ་ཁྲིམས་བསྐྱར་བཅོས་དེ་སྤྱི་མོས་ཀྱི་ཐོག་ནས་འགྲོ་ཐུབ་པ་བྱུང་བ་ཡིན་ན་ཡག་པོ་ཞེ་དྲག་རེད། དེ་མ་གཏོགས་དོན་ཚན་ཁ་ཤས་ལ་སུམ་ཆ་གཉིས་ཚང་ལ་མ་ཚང་གི་སྐུ་ངལ་འཕྲད། དོན་ཚན་ཁ་ཤས་ལ་བཞི་ཆ་གསུམ་ཚང་ལ་མ་ཚང་གི་སྐུ་ངལ་འཕྲད་པའི་ཐོག་ནས། བཅའ་ཁྲིམས་བསྐྱར་བཅོས་དེ་བསྒྲུབ་མ་ཐུབ་པ་ཡིན་ན་སྐབས་བཅུ་བཞི་པ་ཡིན་ནའང་འདྲ་སྐབས་བཅོ་ལྔ་པ་ཡིན་ནའང་འདྲ། ད་ལྟའི་བཀའ་ཤག་ཡིན་ནའང་འདྲ་མ་འོངས་པའི་བཀའ་ཤག་ཡིན་ནའང་འདྲ། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀས་མང་ཚོགས་ལ་འགན་མ་འཁྱེར་བ་ཞིག་དང་བྱུང་རབས་ལ་འགན་མ་འཁྱེར་བ་ཞིག་ཆགས་འགྲོ་ཡི་ཡོད་པས། དགོངས་པ་ཏན་ཏན་ཞིག་བཞེས་རོགས་གནང་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་”ཞེས་གསུངས་སོང།།

{jcomments on}