བལ་ཡུལ་དུ་དགེ་ལྡན་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་པ།

ད་ལོའི་བལ་ཡུལ་གྱི་ཆོ་འཕྲུལ་ཟླ་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་ལ་ཆེད་ཕེབས་གནང་ཡོད་པ་དང་། ལྷག་དོན་ཚེས་ཆེན་བཅོ་ལྔའི་ཉིན་བལ་ཡུལ་རྒྱལ་ཡོངས་ལ་ཚོན་ཆུའི་དུས་ཆེན་སྲུང་བརྩི་བྱེད་བཞིན་པར་མ་ལྟོས་པར། དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ཞོགས་པ་སྔ་མོ་ནས་ལུས་ལ་གཟབ་སྤྲས་ཀྱིས་རྒྱན་ཏེ་དགོན་པའི་འདུན་ཐང་དུ་འཚང་ཁ་ཤིག་ཤིག་གིས་བཅོ་ལྔ་མཆོད་པ་མཇལ་བར་བསྐྱོད་པ་དང་། བལ་ཡུལ་དགེ་ལྡན་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས། སྨོན་ལམ་ཆེན་མོའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་༡༤༠༩ ས་མོ་གླང་གི་ལོར་ལྷ་ལྡན་ར་ས་སྤྲུལ་པའི་གཙུག་ལག་ཁང་དུ་མཆོད་སྤྲིན་རྒྱ་ཆེ་སྐྱོང་གནང་བ་བཅས་སྲོལ་གཏོད་མཛད་ནས། ད་བར་མི་ལོ་༦༠༢ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ༸རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་ཡོང་བ། ༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་བ། བོད་མིའི་བདེན་མཐའ་མྱུར་དུ་གསལ་ཐབས། སྐྱེ་འགྲོ་ཐམས་ཅད་ཞི་བདེ་དཔལ་ལ་སྤྱོད་པ། ཡང་སྒོས་གནས་ཡུལ་བལ་ཡུལ་གྱི་ཡུལ་གྲུ་འདིར་ནད་མུག་འཁྲུག་རྩོད་སོགས་སྙིགས་ལྔའི་རྒུད་ཚོགས་ཞི་ནས། ཞི་བདེ་ཕུན་ཚོགས་འབྱུང་སླད་འདིར་བལ་ཡུལ་ནང་ཡོད་པ་རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་མི་བྱེད་པའི་དགེ་ལུགས་པའི་དགོན་སྡེ་ཁག་བཅུའི་ཁོངས་ནས་གྲྭ་བཙུན་༡༦༠༠ ལྷག་ཆོས་སྒོར་ཞུགས་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་བལ་ཡུལ་དུ་བཀའ་དགོན་བདེ་དོན་ལྷན་ཚོགས་དང་བཀའ་བརྒྱུད་དགོན་སྡེ་ལྷན་ཚོགས་ནས་གོ་སྒྲིག་བྱས་པ་བརྒྱུད། མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱིི་ཉེ་འགྲམ་དུ་བལ་ཡུལ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཅུ་གཉིས་པ་ཡང་ཉིན་གྲངས་གསུམ་རིང་རྒྱ་ཆེན་ངང་ཚོགས་ཡོད།

སྤྱིར་ཆོ་འཕྲུལ་དུས་ཆེན་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་མི་ལོ་བདུན་པ་ལ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མཉེན་ཡོད་དུ་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་དང་། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། གནོག་ཅན། སྐྲའི་ལ་ཅན་སོགས་ལ་ཕྱི་ལོ་སྔོན་གྱི་༥༡༡ ལོའི་ཟླ་བ་༡ པའི་ཚེས་༡ ནས་ཚེས་༡༥ བར་རྫུ་འཕྲུལ་འགྲན་ནས་ཚེས་༡༥ ཉིན་མུ་སྟེགས་པའི་སྟོན་པ་དྲུག་པོ་འཁོར་དང་བཅས་བ་ཚར་བཅད་དེ་ཕམ་པ་མཛད་པའི་དུས་ཆེན་ཞིག་ཡིན། དུས་ཆེན་འདི་ནི་ཕལ་ཆེར་ནང་པ་ཡོངས་རྫོགས་ཀྱིས་གནའ་ནས་ད་བར་དྲན་གསོ་བྱེད་པའི་དུས་ཆེན་རྣམ་པ་བཞི་ཡི་དང་པོ་དེ་ཡིན་ལ། དུས་ཆེན་དེ་དང་འབྲེལ་བའི་དགེ་ལྡན་ཆོ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་དུས་ཆེན་ལ་རྗེས་དྲན་ཞུ་ཕྱིར་རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་༡༤༠༨ ལོར་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་དང་སྣེའུ་ནམ་མཁའ་བཟང་པོར་སྐུལ་མ་མཛད་དེ་དད་སྦྱིན་ཁག་ནས་ལྷ་སའི་གཙུག་ལག་ཁང་ལ་ཉམས་གསོ་དང་།  སྐུ་བརྙན་བྲིས་འབུར་ལ་ཚོན་གསོལ་ཞལ་གསེར་སོགས་ཞིབ་རྒྱས་གྲུབ་པའི་ཕྱི་ལོ་ས་གླང་ཕྱི་ལོ་༡༤༠༩ ལོར་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེར་གསེར་གྱི་དབུ་རྒྱན་སྒྲོན་ འབུལ་གྱིས་མཚོན་སྐུ་བརྙན་རྣམས་ལ་ན་བཟའ་ཟབ་རྒྱས་ཐོག དགེ་འདུན་ཁྲི་བརྒལ་བར་བརྙེན་བཀུར་མང་འགྱེད་སོགས་གནང་སྟེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་གསར་འཛུགས་གནང་།   སྔོན་བོད་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚེས་བཅོ་ལྔ་ཉིན་གྱི་མཚན་མོར་བར་སྐོར་ཁྱོན་ཡོངས་སུ་འཁོར་བའི་མཆོད་པ་མཚར་དུ་དངར་བ་བཤམས། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ་ལྷ་སའི་གཙུག་ལག་ཁང་གི་གཙང་ཁང་ལྷོ་མའི་རྟེན་གཙོ་བྱམས་པའི་སྐུ་བརྙན་དེ་ཤིང་རྟ་འཁོར་ལོའི་ཐོག་བཞུགས་སུ་གསོལ་ཏེ། མཆོད་རྫས་དུ་མ་ཐོག་པའི་སེར་སྦྲེང་གིས་མདུན་བདར་ཏེ་བར་སྐོར་དུ་གདན་ཞུ་བྱེད་པ་སོགས་བྱེད་སྒོ་རྒྱ་ཆེན་སྤེལ་སྲོལ་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།