ཡུལ་ཁྲིམས་ལ་བརྩི་སྲུང་ངེས་པར་དུ་བྱེད་དགོས།
སྐབས་དེར་ཐོག་མ་མགོན་པོ་གང་གིས་མི་མང་ལ་འཚམས་འདྲི་དང་སྦྲགས། གསུང་ཆོས་ཀྱི་སྔོན་འགྲོ་ལ་ཀུན་སློང་ཀུན་སྤྱོད་སོགས་ལེགས་པ་བཞེས་དགོས་པའི་བཀའ་གནང་སོང་། དེ་ནས་མི་མང་ལ་བཀའ་སློབ་གནང་དོན། ང་རང་ཚོར་འདས་པའི་དུས་སུ་ནོར་འཁྲུལ་ཆེ་ཤོས་དེ་ཆོས་བརྒྱུད་དང་ཆོལ་ཁ་ཕན་ཚུན་དབར་ཕྱོགས་ཞེན་འཐེན་འཁྱེར་བྱས་པ་ལ་བརྟེན་ནས། ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེང་གི་དུས་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཀའ་སློབ་ལམ་སྟོན་འོག ངེད་ཅག་ཚང་མ་མཐུན་སྒྲིལ་གོང་བུ་གཅིག་ཏུ་བསྒྲིལ་དགོས་རྒྱུ་དེ་གལ་ཆེ་རེད། ཆོས་བརྒྱུད་ཕན་ཚུན་བར་ལ་མཚོན་ནའང་སྟོན་པ་གཅིག་གི་སློབ་མ་དང་དེས་སྟོན་པའི་ས་ལམ་འབྲས་བུའི་རྣམ་གཞག་ལ་ཁྱད་པ་གཏན་ནས་མེད་པས་ཉམས་ལེན་གཅིག་མཚུངས་རེད།
དེ་བཞིན་ཆོལ་ཁ་ཡིན་ནའང་སྟོད་ནས་སྨད་རྒྱ་བོད་ས་མཚམས་ཡན་གྱི་མི་མང་ཚང་མ་དཀོན་མཆོག་ལ་བློ་གཏད་ཞུ་མཁན། ཁ་ནས་མ་ནི་བགྲང་མཁན། རྩམ་ཟན་གཅིག་མཚུངས་ཡིན་པས་ཁྱད་པ་དང་ཕྱོགས་རེས་བྱེད་དགོས་པ་ནམ་ཡང་མེད། དེ་བཞིན་ཚེ་རིང་པོ་འཚོལ་གནས་བྱེད་དགོས་ཚེ་སྤྱིར་བཏང་ཚེ་དབང་ཚེ་སྒྲུབ་དགོས་ཀྱང་ཚང་མས་འཕྲོད་བརྟེན་ཐོག་ནས་ཐུགས་གནང་དགོས་པ་མ་ཟད། དེང་སྐབས་གཞོན་སྐྱེས་ཚོའི་ནང་དུག་རྫས་འདྲ་མིན་ཟོས་ནས་ལུས་སེམས་གཉིས་ཀ་འཕྲོ་བརླག་ཏུ་གཏོང་མཁན་ཡོད་ཚོད་འདུག་པས། དེ་དག་ཚང་མ་མི་ཚེ་དོན་ལྡན་ཞིག་ཡོང་ཐབས་ལ་འབད་དགོས། ངེད་ཅག་གནས་ཡུལ་རྒྱ་གར་ལུང་པ་དེ་གནའ་ནས་ད་བར་དུ་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། ཚང་མས་ཡུལ་མི་དང་མཐུན་ལམ་བྱེད་དགོས་པ་མ་ཟད། ཡུལ་ཁྲིམས་ལ་བརྩི་སྲུང་ངེས་པར་དགོས། གཙོ་ཆེ་༧གོང་ས་མཆོག་གིས་མ་གཅིག་བུ་ལ་གདམས་པ་ལྟར་བཀའ་སློབ་ལམ་སྟོན་རྣམས་དུས་ཁོམས་བྱུང་ཚེ་ཀློག་པ་ཙམ་མ་ཡིན་པར། དུས་རྒྱུན་དུ་ལག་བསྟར་དགོས་པ་དེ་གལ་ཆེན་རེད། དེ་ལྟར་བྱུང་ཚེ་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་བླ་མར་མཆོད་པ་དེ་མཆོག་ཡིན་ཙམ་ཆོས་འཇིག་རྟེན་གཉིས་ཀའི་དོན་ཡིན་པས་ཚང་མ་ཐུགས་ལ་འཇོགས་རོགས་གནོངས་ཅེས་གསུང་སོང་།།
ས་གནས་ནས་ཐུབ་རྒྱལ་གྱིས།
{jcomments on}