རྒྱ་ནག་གིས་བལ་ཡུལ་ལ་བལ་སྒོར་དུང་ཕྱུར་༡༤༠ སྤྲོད་ཀྱི་ཡིན་ཟེར།
རྒྱ་ནག་གུང་ཁྲན་ཏང་མི་དམངས་བཅིངས་བགྲོལ་དམག་གི་དམག་སྤྱི་ཆེན་མོ་ཁྲེན་པེང་ཏེ་ཞེས་པས་སྣེ་ཁྲིད་པའི་མི་གྲངས་བཅོ་ལྔ་ལྷག་ལས་གྲུབ་པའི་མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་གིས། ཟླ་འདིའི་ཚེས་༢༥ བར་གྱི་ཉིན་གྲངས་གསུམ་ཙམ་གྱི་རིང་བལ་ཡུལ་རྒྱལ་ནང་དུ་གཞུང་འབྲེལ་ལྟ་སྐོར་ལ་འབྱོར་ནས་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། སྲིད་བློན། བདེ་སྲུང་བློན་ཆེན། སྤྱི་ཁྱབ་དམག་སྤྱི་སོགས་མཐོ་རིམ་གནད་ཡོད་མི་སྣ་ཁག་དང་རིམ་པར་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དང་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་ཐད་གླེང་མོལ་བྱས་འདུག
འཐུས་ཚབ་ཚོགས་པ་དེས་བལ་ཡུལ་གཞུང་གིས་ད་བར་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དམ་འཛིན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་དེ་ལྟར་ཡོང་བའི་འབོད་སྐུལ་བྱས་པར། བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དམ་འཛིན་ལ་ནམ་ཡང་འགྱུར་བ་མེད་པའི་ཁས་ལེན་བྱས་པ་དང། བལ་ཡུལ་རྒྱལ་ཁོངས་སུ་བོད་དང་ཐེ་ཝན་སོགས་གྱི་གནད་དོན་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་ཕྲ་མོ་ཙམ་ཡང་སྤེལ་མི་འཇུག་རྒྱུ་དང་ཁྱིམ་མཚེས་རྒྱལ་ཁབ་ལ་གནོད་པ་དང། བལ་ཡུལ་གྱི་ཕྱི་འབྲེལ་སྲིད་ཇུས་ལ་གནོད་གཞིར་གྱུར་བའི་བྱ་སྤྱོད་མཐའ་དག་ལ་དམ་དྲག་བཀག་བསྡོམས་བྱེད་རྒྱུ་ཡིན་པ་བསྐྱར་བཟློས་བྱས་འདུག
འཐུས་ཚབ་ཚོགས་པ་དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཞེས་བའི་དམག་སྤྱི་དང་བདེ་འཇགས་ལས་དོན་ཐད་ཀྱི་མཐོ་རིམ་དཔོན་རིགས་ཡང་མཉམ་དུ་ཡོད་པར་ཁོ་ཚོ་བལ་ཡུལ་རྒྱལ་ཁབ་གྱི་སྤྱི་ཁྱབ་དམག་སྤྱི་ཅཱ་ཏ་ར་མན་སིང་དགུ་རོང་དང་དམག་སྒར་ལྟེ་བར་ཐུགས་འཕྲད་སྐབས། རྒྱ་ནག་གི་ཕྱོགས་ནས་བལ་ཡུལ་རྒྱལ་སར་ཡོད་པའི་དམག་གི་སྨན་ཁང་ལ་སྨན་བཅོས་ཆ་རྐྱེན་དང་། འཛུགས་བསྐྲུན་ཡར་རྒྱས་སོགས་ལ་ཆེད་དམིགས་ཡིན་ཚུལ་གྱིས་བལ་སྒོར་དུང་ཕྱུར་༡༣༠ ལྷག་གི་རོགས་རམ་བྱེད་རྒྱུའི་ཐག་གཅོད་ཀྱི་ས་རྟགས་བཀོད་ཡོད་འདུག།
འདས་པའི་ནང་རྒྱ་ནག་གིས་བལ་ཡུལ་ནང་དམག་དོན་དང་། འཛུགས་བསྐྲུན། དཔལ་འབྱོར་སོགས་ཀྱི་ཐད་ཕྱོགས་འདྲ་མིན་ནས་རོགས་རམ་དང་མ་རྩ་འཛུགས་ཐབས་བྱས་པར། བལ་ཡུལ་རྒྱལ་ཁོངས་ནང་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ལ་རང་བཞིན་གྱིས་དམ་དྲག་བཀག་རྒྱ་ཡོང་བཞིན་པ་རེད། ཉེ་ཆར་བོད་མི་ཚོའི་འདུ་འཛོམས་བྱ་སྤྱོད་མཐའ་དག་ལ་དམ་དྲག་བཀག་བསྡོམས་ནན་མོ་བྱས་ཐོག མང་གཙོར་བརྩི་འཇོག་དང་དགའ་ཞེན་ཡོད་མིན་ལ་མ་བལྟོས་པར་བལ་ཡུལ་གཞུང་གིས་བོད་མི་ཚོའི་བཀའ་བློན་ཁྲི་པ་དང་མི་མང་སྤྱི་འཐུས་འོས་བསྡུ་ཆེན་མོའི་འོས་སྒམ་བཙན་འཕྲོག་དང་འོས་བསྡུའི་ལས་འགུལ་ཙམ་ཡང་སྤེལ་ཏུ་མི་འཇུག་པར་བཀག་བསྡོམས་བྱེད་བཞིན་པ་རེད།
ད་ཐེངས་རྒྱ་ནག་གུང་ཁྲན་ཏང་མི་དམངས་བཅིང་བགྲོལ་དམག་གི་དམག་སྤྱི་ཆེན་མོ་ཁྲེན་པེང་ཏེ་ཟེར་བ་བལ་ཡུལ་དུ་གཞུང་འབྲེལ་ལྟ་སྐོར་ལ་འབྱོར་བ་ནི། འདས་པའི་མི་ལོ་བཅུ་ལྷག་གི་རིང་རྒྱ་ནག་ཕྱོགས་ནས་བལ་ཡུལ་ལ་ཡོང་མཁན་བདེ་འཇགས་དམག་དོན་ཐད་ཀྱི་དཔོན་རིགས་མཐོ་གྲས་དང་པོ་དེ་ཡིན་པ་དང་། ཁོ་བལ་ཡུལ་རྒྱལ་ཁབ་གྱི་སྤྱི་ཁྱབ་དམག་སྤྱི་ཅཱ་ཏ་ར་མན་སིང་དགུ་རོང་གིས་མགྲོན་འབོད་བྱས་པ་ཡིན་འདུག།།
བལ་ཡུལ་གསར་འགོད་པས།
{jcomments on}