གསར་བརྗེ་བ་འགྱུར་བ་གཏོང་མི་ཉན།

རྒྱ་ནག་གི་འགོ་ཁྲིད་ཚོས་ག་དུས་བོད་དོན་གླེང་སློང་བྱས་ཚེ། ངས་དེ་སྔོན་ནུབ་ཕྱོགས་བརྒྱུད་ལམ་ཞིག་ཏུ་མཐོང་བའི་ཟུར་ཟའི་རི་མོ་དེ་དྲན་སོས་པར་བྱེད།   དེ་ནི་འདི་ལྟ་སྟེ། རྒྱ་ནག་གི་སྲིད་བློན་ལིས་ཕུང་གཡག་ལ་ཞོན་པ་དང་། ཞྭ་སེར་ལྟག་སྒྲོ་ཅན་གྱོན་ནས་བོད་མཐོ་སྒང་ནས་པཎ་ཆེན་བླ་མའི་ཡང་སྲིད་འཚོལ་བཞིན་པ་དེ་རེད།    བོད་མི་མང་ཆེས་མུན་ནག་གི་ལྷ་དབང་སྤྱི་ཚོགས་ལས་བསྐྱབས་པར་སྒྲོག་པའི་ལྷ་མེད་སྨྲ་བའི་སྲིད་དབང་འདི་པས། དེ་སྔོན་ཆོས་ལུགས་ཁྱོན་ཡོངས་བཀག་སྡོམ་བྱས་པས་མ་ཚད། བོད་ཀྱི་དགོན་སྡེ་ཐམས་ཅད་རྩ་བའི་ཆ་ནས་ཤུལ་མེད་གཏོར་བརླགས་བྱས་པ་རེད། འོན་ཏེ་ད་ཆ། བོད་མུན་ནག་གི་ཚབ་མཚོན་ཏཱ་ལའི་བླ་མས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལ་གཏོར་བཤིག་བྱས་པར་བསྙད་ནས་དགག་པ་རྩོམ་གྱི་ཡོད་པ་མ་ཟད། དེ་ལྟར་གཏན་ནས་བྱ་མི་ཆོག་ཅེས་བརྗོད་ཀྱི་ཡོད།

ཉེ་ཆར། རྒྱ་ནག་མི་དམངས་འཐུས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་འདི་དོན་སྐད་ཤུགས་ཆེན་པོ་བྱེད་མཁན་པད་མ་འཕྲིན་ལས་ནི་མ་གཞི་བོད་མི་ཞིག་དང། བོད་ལྗོངས་ཀྱི་ཆེས་མཐོའི་འཛིན་སྐྱོང་དཔོན་པོར་བསྐོ་བཞག་གནང་ཡོད་ནའང་། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་རྒྱུན་ཤེས་ལ་ཧ་གོ་དོན་རྟོགས་མེད། ཁོས་གོང་ས་ཏཱ་ལའི་བླ་མ་མཆོག་ལ་གཤེ་གཤེ་གཏོང་སྐབས། ཏཱ་ལའི་སྐྱེ་ཕྲེང་འདི་ནི་བཅུ་བཞི་པ་དེ་རེད། འདིའི་སྔོན་དུ་ད་དུང་བཅུ་གསུམ་ཡོད་པ་རེད། སྐྱེ་ཕྲེང་བཅུ་བཞི་པས་གང་འདོད་འདོད་བྱ་མི་རུང་ཞེས་བཤད་ཡོད། དེ་ནི་ཁོས་མ་ཤེས་པ་རེད། བོད་བརྒྱུད་ནང་བསྟན་གྱི་ངོས་ནས་གླེང་ན། ཏཱ་ལའི་བླ་མ་གཅིག་རང་ལས་ཡོད་པ་མ་རེད། མ་གཞི་སྐུ་ཕྲེང་ན་རིམ་ཇི་ཙམ་བྱོན་ཡོད་ནའང་། ཚང་མ་ཏཱ་ལའི་བླ་མ་དང་རྒྱུད་གཅིག་པའི་ཐོག་ནས་འཇིག་རྟེན་མི་ཡུལ་དུ་སྐུ་སྐྱེ་བཞེས་པ་ཡིན་དུས། གང་ཟག་ཐ་དད་པའི་ཏཱ་ལའི་བླ་མ་བཅུ་བཞི་པ་ཞིག་ཡོང་ས་གཏན་ནས་མེད།

ལྷ་མེད་སྨྲ་བར་དད་པའི་གུང་ཁྲན་ཏང་མི་པད་མ་འཕྲིན་ལས་ཀྱིས་ནང་ཆོས་ཀྱི་ཡང་སྲིད་ལམ་ལུགས་ཁས་མ་བླངས་ནའང་འགྲིག་དང་འགྲིག ཡིན་ནའང་།  ཁོས་ཆོས་ལུགས་ཀྱི་ཆོ་ག་རྒྱུན་སྐྱོང་བྱ་དགོས་ཞེས་དྲིལ་སྒྲོག་བྱེད་ཀྱི་ཡོད་པ་ལས། ཆོས་ལུགས་ནི་བསམ་པའི་ཉལ་ཐ་རེད་ཅེས་བརྗོད་ཀྱི་མེད་དུས། མ་མཐར་ཡང་ཆོས་ལུགས་ཀྱི་རྒྱུན་ཤེས་གོ་རྟོགས་དང་ཆོས་ལུགས་ལ་བརྩི་བཀུར་གྱི་རྣམ་འགྱུར་ལྡན་དགོས་ལ། ཐ་ན། ཕྱི་ཚུལ་ཙམ་ཡིན་ནའང་འདྲ་ཆགས་པོ་ཞིག་དགོས་པ་རེད། དེ་མིན་ན་ཆོས་ལུགས་ཆོ་ག་རྒྱུན་སྐྱོང་བྱ་དགོས་ཟེར་བ་ཇི་ལྟར་གླེང་ཕོད་ལ། འདིའི་ཐད་དད་འདུན་མང་ཆོགས་ཀྱིས་སྤྱང་ཀིས་བྱ་དེ་ལ་ལོ་གསར་འཚམས་འདྲི་ཞུས་པའི་གཏམ་རྒྱུད་ལྟར་ཅིའི་ཕྱིར་མི་གོ

དཔོན་པོ་འདི་ཚོའི་གཡོ་འཁྲུལ་གྱི་བརྗོད་བབ་དང་ནང་འགལ་གྱི་ཚིག་བརྗོད་ལ་བལྟས་ན། རྒྱ་ནག་སྲིད་དབང་གི་འདུ་ཤེས་འཁྱེར་སྟངས་ཐོར་ཞིག་དང་ཞན་སྐྱོན་ཕོག་ཡོད་པ་ནི། མི་རྣམས་ཧང་སངས་དགོས་པའི་ཚད་དུ་སླེབས་འདུག བོད་ལྗོངས་ཀྱི་མི་དམངས་འཐུས་མའི་འགོ་གཙོ་བྱམས་པ་ཕུན་ཚོགས་ཀྱིས་ལོ་རྒྱུས་ཀྱི་གཏན་འབེབས་ལ་བརྩི་བཀུར་དགོས་པ་ནན་བཤད་སྐབས། ལོ་རྒྱུས་ཀྱི་གཏན་འབེབས་དེ་ནི་གུང་ཁྲན་ཏང་གིས་བཟོས་པ་མིན། ང་ཚོའི་སྲིད་གཞུང་གིས་གཏན་ལ་ཕབ་པའང་མིན། དེ་ནི་ཆིང་རྒྱལ་རབས་དུས་སུ་ནུབ་ཁམས་༼ཁང་ཤིས ༽ གོང་མ་དང་། ཆན་ལུང་གོང་མ་ཁོང་རྣམ་པས་གཏན་ལ་ཕབ་པ་ཞིག་རེད་ཟེར་སོང་། འདི་སྒྲུབ་བྱེད་ཅི་ཞིག་རེད། འདི་སྔ་ཕྱི་འབྲེལ་ཆགས་ཀྱི་གཏན་ཚིགས་ཤིག་ལ་སོང་ཡོད་པ་རེད་དམ། གུང་ཁྲན་ཏང་གིས་དང་ཐོག་མའོ་ཙེ་ཏུང་གིས་བཤད་པ་ལྟར་ཤ་རྡོག་རེ་རེ་བྱས་ནས་གཏུབས་ནའང། རྒྱལ་པོ་རྟ་ཐོག་ནས་འཐེན་པའི་སྤོབས་པ་ཡོད་དགོས་ཟེར་བ་ལྟར་ཆེས་ཛ་དྲག་གི་ལག་ཐབས་སྤྱད་ནས་དེ་སྔའི་ལོ་རྒྱུས་ཀྱི་གཏན་འབེབས་ཇི་ཡོད་མགོ་རྟིང་བསློགས་པ་རེད། མིག་སྔར་རྒྱ་ནག་གཞུང་གིས་རྔ་རྡུང་དར་འཕྱར་གྱིས་ལྩགས་ཕག་གསར་བརྗེ་ལངས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་ཆེད་སྟ་གོན་བྱེད་བཞིན་ཡོད། འདི་ནི་ནུབ་ཁམས་དུར་འཇུག་དང་། ཆན་ལུང་ནས་སྐུ་ཚབ་བྱས་པའི་མན་ཇུའི་རྒྱལ་རབས་ཀྱི་གསར་བརྗེ་ལ་དུས་དྲན་བྱས་པ་ཞིག་རེད། ཅིའི་ཕྱིར་བོད་སྐོར་གླེང་བའི་ཚེ། ཁ་མཁས་འདྲ་ཆགས་ཀྱིས་གནའ་སྔ་མོ་ནས་དུར་སྦས་བྱས་ཟིན་པའི་ནུབ་ཁམས་དང་། ཆན་ལུང་ཡང་ཚུར་བསྔོགས་ཡོང་གི་ཡོད། མ་ཟད་ཁོང་ཚོའི་དབང་གྲགས་གང་མཆིས་གུང་ཁྲན་ཏང་དང་ད་ལྟའི་སྲིད་གཞུང་ཐོག་སྤུངས་ནས། ཁོང་རྣམ་པའི་གཏན་འབེབས་ལ་བསྒྱུར་བཅོས་གཏོང་མི་ཉན་ཟེར་དོན་ཅི།

འདི་ཚོ་ནི་གླང་རྒན་བཞིན་འགྱིང་ཉམས་ཆེ་ནའང་རྒྱུན་བཀོལ་ཤེས་བྱ་ཙམ་མེད་ལ། སྔ་རྟིང་མི་ནོན་པའི་འགྲེལ་བརྗོད་འདི་ཚོར་མིས་མཐོང་བ་ནི་བཙན་དབང་བའི་བཙན་ཤེད་ཀྱི་སྐད་ཆ་ཁོ་ནའོ།། འདི་ནི་ཏག་ཏག་ཆུ་སྟོད་ཀྱི་སྤྱང་ཀིས་ཆུ་སྨད་ཀྱི་ལུ་གུར་ཆུ་བསྙོགས་པར་ཁ་རྡུང་བཏང་བ་དང་གཅིག་པ་གཅིག་རྐྱང་རེད། རྒྱུ་མཚན་གང་དྲན་དྲན་རེད། འདིའི་དམིགས་ཡུལ་ནི་ཉམ་ཆུང་གི་ལུ་གུ་བཟའ་སེམས་ཁོ་ནར་སྒོམ་པས་སོ།།

{jcomments on}