ཏཱ་ལའི་བླ་མ་དང་བོད་མིའི་ལས་དབང༌།
དེ་དང་མཉམ་དུ་ཉིན་གཅིག་ཁོང་ང་ཚོ་དང་མཉམ་དུ་མེད་པའི་གནས་ཚུལ་བྱུང་བའི་སྐབས། བོད་ཀྱི་བདེན་དོན་དེ་རྒྱུན་གནས་ཐུབ་ཐབས་སུ་བོད་མི་ཚོའི་བསམ་བློའི་ནང་གྲ་སྒྲིག་ཡོད་པ་དགོས། ཁོང་ཉིད་འཇིག་རྟེན་འདིའི་ཐོག་སྐུ་འཚོ་བཞུགས་མེད་པའི་སྐབས་དང་མཚུངས་པར། ལས་དོན་གྱི་གནས་བབ་དང་འཆར་གཞིའི་སྐོར་གླེང་སློང་བྱས་པ་དེ། ཁོང་ལ་གུས་བཀུར་མ་ཞུས་པ་ལྟ་བུར་བརྗོད་ནས་ལོག་འགྲེལ་བྱེད་མི་རུང་སྙམ།
གནད་དོན་ཞིག་ངེས་གཏན་གྱི་ཐོག་ནས་བརྗོད་ཐུབ་པ་ནི། ཏཱ་ལའི་བླ་མ་མཆོག་མ་བཞུགས་པའི་སྐབས་ཁྲིམས་དང་མཐུན་པའི་ཆོས་ཕྱོགས་ཀྱི་རྗེས་འཛིན་པ་སུ་ཕེབས་མིན་ལ་དྲི་བ་ཞིག་ཆགས་ཀྱི་ཡོད་པ་དང། དེ་བཞིན་ཁོང་གི་ཡང་སྲིད་སུས་ཐག་གཅོད་བྱེད་མིན་ནི་དེ་བས་ཀྱང་རྩོད་གཞི་ཅན་གྱི་དྲི་བ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་དེ་བོད་པའི་སྤྱི་ཚོགས་སུ་ཡོད་པའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་གནང་གི་རེད་དམ། ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཚོས་ཐག་གཅོད་བྱེད་ཀྱི་རེད། དེ་བཞིན་པཎ་ཆེན་བླ་མ་མཆོག་ལ་ཆ་མཚོན་ན་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བ་གཅིག་དང། རྒྱ་ནག་དམར་ཕྱོགས་ཚོགས་པས་ངོས་འཛིན་བྱས་པ་གཉིས་ཡོད་པ་བཞིན། བོད་པ་ཚོས་སྲོལ་རྒྱུན་ལྟར་བདམས་པའི་ཏཱ་ལའི་བླ་མ་གཅིག་དང། རྒྱ་ནག་དམར་ཤོག་ཚོགས་པས་བཅོས་ཟོལ་གྱིས་བདམས་པའི་ཏཱ་ལའི་བླ་མ་གཉིས་ཀྱི་དབར་ལ། ཡུན་རིང་རྩོད་རྙོག་འབྱུང་སྲིད་པ་དེ་སྔོན་དཔག་བྱེད་ཐུབ་པའི་གནད་དོན་ཞིག་ཆགས་ཡོད། ཏཱ་ལའི་བླ་མ་མཆོག་གི་ཆོས་ཕྱོགས་ཀྱི་དབང་ཚད་ལྡན་པའི་བྱེད་སྒོ་སྤེལ་རྒྱུའི་ཐད་ལ། ལུགས་མཐུན་ཆོས་ཕྱོགས་ཀྱི་རྗེས་འཛིན་པ་སུ་ཕེབས་མིན་ཐག་གཅོད་མ་བྱུང་བ་དང། ཡང་སྲིད་ངོས་འཛིན་ཚོགས་ཆུང་གིས་ངོས་འཛིན་གནང་བའི་ཏཱ་ལའི་བླ་མའི་ཆོས་ཕྱོགས་ཀྱི་སློབ་སྦྱོང་ཆ་ཚང་མ་གྲུབ་པའི་དབར། དུས་ཡུན་རིང་པོར་བར་སྟོང་ཆགས་ངེས་ཡིན་ཞིང། སྐབས་དེར་བཙན་བྱོལ་ནང་གི་གཞུང་ཞབས་ཤེས་ཡོན་ཅན་རྣམས་ཀྱིས་བོད་མི་ཚོར་ནན་ཏན་གྱིས་ལམ་སྟོན་དང༌། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲ་བརྟན་ཡོང་ཐབས། ཏཱ་ལའི་བླ་མ་མ་བཞུགས་པའི་སྐབས་རྒྱ་ནག་གཞུང་གིས་ཁེ་བཟང་བླངས་ཏེ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སུ་རྙོག་ཟིང་སློང་ངེས་ཡིན་པས། སྐབས་དེར་རྒྱ་ནག་གི་འཆར་འགོད་ལྟར་བོད་པའི་གནད་དོན་རྣམས་རྩ་ཡལ་མི་འགྲོ་བའི་ཆེད་དུ་ལས་དོན་བསྒྲུབ་ཐུབ་པ་དགོས།
བོད་མི་རྣམས་ཡང་དག་པའི་ཁ་ཕྱོགས་སུ་ཁྲིད་ཐུབ་ཐབས་དང་རྒྱ་ནག་གི་ཇུས་ངན་རྣམས་ཕམ་ཉེས་གཏོང་ཕྱོགས་སོགས། ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་ཡིན་པའི་སྐབས་སུ། ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་གིས་འགན་ཁྱེར་ཏེ་ཁོང་གི་ཐུགས་རེ་རྣམས་བསྒྲུབ་ཐུབ་པའི་གདེང་ཚོད་དགོས་རྒྱུ་དེ་གལ་ཆེན་ཆགས་ཡོད་པ་དང། ཁོང་སྐུ་འཚོ་བཞུགས་མེད་པའི་དུས་ཤིག་ཤར་ཚེ། སྐབས་དེའི་དབུ་ཁྲིད་ཀྱི་གོ་གནས་ལ་མི་མང་གིས་གུས་བཀུར་ཡིད་ཆེས་རྙེད་ཐུབ་པ་ཞིག་དགོས་རྒྱུ་ནི་གལ་གནད་ཆེན་པོ་ཡིན་ཞིང། དེ་འདྲའི་མི་ཞིག་འདེམས་བསྐོ་གནང་རྒྱུ་དེ་ཏཱ་ལའི་བླ་མ་མ་གཤེགས་བར་དུ་ཕྱིར་འགྱངས་བྱས་ནས་ལྷག་པ་ཡིན་ན། དེ་ནི་ཐབས་ལམ་དང་གནད་དོན་གང་གི་ཆ་ནས་ཀྱང་ཚད་ལྡན་ལུགས་མཐུན་ཞིག་མིན་སྙམ།
དེ་བཞིན་ཏཱ་ལའི་བླ་མ་མཆོག་གིས་དབུ་ཞྭ་གཉིས་བསྣམས་ཡོད་པ་ནི། བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་རེད། ཆོས་ཕྱོགས་ཀྱི་དབང་ཚད་ནི་ཇི་སྲིད་ཏཱ་ལའི་མ་མཆོག་སྐུ་འཚོ་བཞུགས་གནང་ན། དེ་སྲིད་དུ་ཁོང་གིས་ཐུགས་འགན་བཞེས་དགོས་པ་ལས། དེ་མིན་མི་སུ་འདྲ་ཞིག་གིས་ཀྱང་ཁོང་གི་སྐུ་ཚབ་བྱེད་ཐུབ་ཐབས་མེད་པ་ཞིག་རེད། དེ་ལྟར་ཡིན་རུང་ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་ཁག་རྣམས། ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་སྐབས་ཁོང་གི་ཐུགས་རེ་དང་བོད་མི་མང་གི་ཡིད་ཆེས་འཕེར་བའི་སྐྱེ་བོ་ཞིག་གིས་བྱེད་ཐུབ་ན། བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ནང་ཁུལ་མི་མཐུན་པ་གང་ཡང་མེད་པའི་ཐོག་ནས། ཆབ་སྲིད་དང་འཛིན་སྐྱོང་གི་རྗེས་འཛིན་པ་ཞིག་ཞི་འཇམ་ངང་ནས་འདེམས་བསྐོ་བྱུང་བ་དང། ཏཱ་ལའི་བླ་མ་མཆོག་ཐུགས་དགྱེས་ཚོར་ཡོང་བའི་དུས་སྐབས་ཤིག་འབྱུང་ངེས་ཡིན་པས། བརྒྱུད་རིམ་འདི་ཡོང་བའི་ཆེད་དུ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལྟར། འོས་ཤིང་འཚམ་པའི་ཆབ་སྲིད་འཛིན་སྐྱོང་གི་དབང་ཚད་ལྡན་པའི་མི་ཞིག་འདེམས་སྒྲུག་བྱེད་རྒྱུ་དེ། ད་ལྟ་ཉིད་ནས་འགོ་འཛུགས་དགོས་པ་ལས་ནམ་ཡང་ཕྱིར་འགྱངས་བྱེད་མི་རུང་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།
ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༠ ཉིན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་རྣམས་ཀྱིས་ལོ་ངོ་༥༢ འཁོར་བའི་བོད་མིའི་སྒེར་ལངས་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་སྐབས། ཏཱ་ལའི་བླ་མ་མཆོག་གིས་དགོངས་ཚུལ་ཕེབས་པའི་ནང། ཆབ་སྲིད་ཐུགས་འགན་མང་གཙོའི་ལམ་ལུགས་ལྟར་མི་མང་གིས་བདམས་པའི་འགོ་ཁྲིད་ལ་གནང་རྒྱུ་ཡིན་ཞེས་གསུངས་པ་དེ། ཐབས་ལ་མཁས་པའི་མཛད་བཟང་ཞིག་ཡིན་པས། རྗེས་འཇུག་རྣམས་ཀྱིས་དེར་དོན་གནད་ཆེན་པོས་བརྩི་བཀུར་ཞུ་དགོས་པ་དང༌། བོད་མི་ཚོས་ཚོར་སྣང་ཁོ་ནས་ཁོང་གི་བཀའ་སློབ་ལ་ལན་འདེབས་བྱེད་མི་རུང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བསྩལ་བའི་གསུང་འཕྲིན་ལ་ངོས་ལེན་མི་བྱེད་པ་གནང་མི་རུང། སྤྱི་འཐུས་རྣམས་ཀྱིས་གསུང་འཕྲིན་དེ་དོན་གནད་ཆེན་པོར་འཛིན་པ་དང་ངོས་ལེན་བྱེད་པ། ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལོངས་སུ་སྤྱད་དེ་འོས་ཤིང་འཚམ་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་འདེམས་ཐོན་ཡོང་བར་དགའ་བསུ་ཞུ་དགོས་སོ།།
༢༠༡༡།༣།༡༦ཉིན་རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་THE PIONEERཞེས་པར་སྤེལ་བ་རིག་འཛིན་ལྷུན་གྲུབ་ཀྱིས་བོད་བསྒྱུར་ཞུས།
{jcomments on}