བོད་ཀྱི་བདུན་ཕྲག་ཐེངས་བཅུ་གཅིག་པ་སྲུང་བརྩི་གནང་བ།
ཚོགས་ཐོག་ཏུ་རྡ་ས་བོད་ཀྱི་བོད་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་སྨན་དགེ་མཁྱེན་རབ་རྒྱ་མཚོ། ཤིམ་ལ་གཏན་སློབ་ཁང་གི་སློབ་སྤྱི་རྒན་པདྨ་རྒྱལ་མཚན་སོགས་རྒྱ་གར་ནས་ཕེབས་པའི་སྐུ་མགྲོན་དང་། གཞས་པ་ཇོ་ལགས་བཀྲས་ཆུང། མར་བརྙན་སྒྱུ་རྩལ་མཁས་ཅན་(མེ་ཏོག་མཆོད་པ )་བསོད་ནམས་དར་རྒྱས་ལགས་སོགས་ཨ་རིར་སྡོད་མཁན་བོད་རིགས་གཞན་དང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ལས་བྱེད་དང་། སློབ་མ། ས་གནས་ཀྱི་མང་ཚོགས་བཅས་མི་གྲངས་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད།
བོད་ཀྱི་བདུན་ཕྲག་དབུ་འཛུགས་ཐོག་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་བོད་ཀྱི་བདུན་ཕྲག་སྲུང་བརྩི་བྱ་བའི་དམིགས་ཡུལ་དང་། དེའི་རྒྱབ་ལྗོངས་སོགས་ངོ་སྤྲོད་བྱས་པ་སྦྲགས། འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཚོས་ཤིས་སྨོན་དང་། རྒྱལ་བའི་ཞབས་བརྟན་སོགས་གསུངས་པའི་ཐོག་ནས། བོད་ཀྱི་བདུན་ཕྲག་ཏེ། བོད་ཀྱི་ཆོས་དང་། རིག་གཞུང་། སྒྱུ་རྩལ། ཆབ་སྲིད་སོགས་འཛམ་གླིང་རྒྱལ་སྤྱིའི་མི་མང་ལ་ངོ་སྤྲོད་བྱེད་པའི་ལས་འགུལ་གྱི་འགོ་བརྩམས་ཡོད་པ་རེད།
དུས་ཡུན་བདུན་ཕྲག་གཅིག་ཧྲིལ་པོ་ཡོད་པའི་བོད་ཀྱི་བདུན་ཕྲག་འདིར་དགེ་འདུན་པ་ཚོས་རྡུལ་ཚོན་དཀྱིལ་འཁོར་དངོས་སུ་བཞེངས་བསྐྲུན་བྱེད་པའི་བརྒྱུད་རིམ་ཐོག་ནས། དེའི་མཚོན་དོན་དང་། བསྒྲུབ་རིམ་སོགས་ངོ་སྤྲོད་བྱེད་པ་དང་། བསོད་ནམས་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་དགེ་འདུན་པ་གཞན་ཁག་ཅིག་གིས་བོད་ཀྱི་མར་རྒྱན་ནམ་མེ་ཏོག་མཆོད་པ་བཞེངས་བསྐྲུན་བྱེད་པའི་བརྒྱུད་རིམ་ཐོག་ནས་བོད་ཀྱི་མར་བརྙན་སྒྱུ་རྩལ་ངོ་སྤྲོད། འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་དགེ་བཤེས་རྣམ་པས་ཚད་མ་རིག་པ་རྩོད་པའི་ཐོག་ནས་ཐུན་མོང་མ་ཡིན་པའི་བོད་ཀྱི་རྟགས་བསལ་གཏོང་སྟངས་ངོ་སྤྲོད། དེ་བཞིན་དུ་བོད་ཀྱི་གླུ་གཞས་མཁས་པ་ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བོད་ཀྱི་གླུ་གཞས་ངོ་སྤྲོད། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ལས་གཞི་སྟེ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དགེ་རྒན་རྣམ་པ་དང་། ལོ་ཙྰ་བ་རྣམ་པ། སློབ་མ་རེ་ཟུང་བཅས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། དེང་རབས་ཚན་རིག་གཉིས་དབར་གྱི་ལྟ་བའི་ཁྱད་པར་ཐད་ལ་བགྲོ་གླེང་། ནེའུ་ཡོག་བོད་ཀྱི་དོན་གཅོད་ཁང་གི་སྐུ་ངོ་བློ་བཟང་སྙན་གྲགས་ལགས་དང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་སོགས་ཀྱིས། བོད་གསོན་གནས་ཐུབ་བམ་ཅེས་པའི་བརྗོད་གཞིའི་ཐོག་ནས་བོད་ཀྱི་ད་ལྟའི་ཆབ་སྲིད་གནས་བབ་དང་། མ་འོངས་པའི་ཁ་ཕྱོགས་སོགས་ཀྱི་ཐད་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།
བོད་ཀྱི་བདུན་ཕྲག་སྲུང་བརྩིའི་ལས་རིམ་ཆ་ཚང་རིན་མེད་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་མ་དང་། ས་གནས་ཀྱི་མང་ཚོགས་སོགས་ཉིན་རེར་བལྟ་བསྐོར་བ་དང་། མཉམ་ཞུགས་པ་བརྒྱ་ཕྲག་རེ་ཟུང་འབྱོར་བཞིན་ཡོད་འདུག
བོད་ཀྱི་བདུན་ཕྲག་གི་ལས་གཞི་གཙོ་གྲས་གཞན་གཅིག་ནི། ཚོགས་ཐོག་གི་ཆེད་མཁས་པ་ཁག་ཅིག་གིས་རྒྱལ་སྤྱིའི་བོད་ཀྱི་ཚན་རིག་ཡིག་བསྒྱུར་བྱ་བའི་བགྲོ་གླེངགཚོགས་འདུ་ཐེངས་གསུམ་པ་དེ་ཡིན་ལ། དབང་རྩའི་ཚན་རིག་དང་། སྐྱེ་དངོས་ཚན་རིག དངོས་ཁམས་ཚན་རིག རྩིས་རིག་སོགས་ཀྱི་བརྡ་ཆད་བཞི་བརྒྱ་ལྷག་གི་བརྡ་ཆད་གཏན་འབེབས་བྱེད་རྒྱུའི་ཐད་བགྲོ་གླེང་གནང་གི་ཡོད་པ་རེད།།
{jcomments on}