བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཞིག་འཚོག་འཆར།
ཚོགས་དྲུང་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ནི། འདི་ལོའི་ཟླ་ ༥ པའི་ཚེས་ ༢༡ ནས་ ༢༣ བར་གྱི་ཉིན་གྲངས་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག་ལ། ཚོགས་ཞུགས་པ་དག་གིས་ཕྱི་ཟླ་ ༤ བའི་ཚེས་ ༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་འབུལ་དགོས་སྐོར་དང་། དང་བླངས་ཚོགས་ཞུགས་པའི་རིགས་ཡོད་ཚེ་མཚན་ཐོའི་སྔ་གཞུག་ལྟར་ཚོགས་མིའི་ཁོངས་སུ་འཇུག་རྒྱུ་ཡིན་ཟེར།
ཚོགས་མིའི་ཡོངས་ཁུངས་ནི། བཀའ་བློན་ཁྲི་པ་དང་བཀའ་བློན་ལས་ཟུར། བཀའ་ཤག་སྐབས་བཅུ་བཞི་པར་འོས་ཐོན་བཀའ་ཁྲི་དང་སྤྱི་འཐུས་ལས་ཟུར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་འོས་ཐོན་རྣམ་པ། རྡ་སར་གནས་འཁོད་གཞུང་ཞབས་ཟུང་དྲུང་ཡན། ས་གནས་འཐུས་ཚོགས་ཁག་གི་སྐུ་ཚབ་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་གྲྭ་བཙུན་སྐུ་ཚབ་ ༦ རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༢ རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་ལས་འགུལ་གནང་མཁན་དང་མཁས་དབང་། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ཀྱི་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་ ༣༠ དང་། དེ་མིན་མི་ ༢༠ ལས་མ་མང་བ་བཅས་བསྡུ་སྐོང་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཚོགས་ཆེན་གྱི་ལས་རིམ་ནང་ཉིན་དང་པོར་ཚོགས་ཆུང་ཁག་བགོས་གནང་རྒྱུ་དང་། ཉིན་གཉིས་པར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་སྔོན་གླེང་དང་། དོན་ཚན་དང་པོ་བཅས་ཀྱི་ཐོག་བགྲོ་གླེང་གྲོས་བསྡུར་གྱིས་དགོངས་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་འདུག་ལ། ཉིན་གསུམ་པར་ཚོགས་ཆུང་སོ་སོའི་སྙན་ཐོ་སྙན་སྒྲོན་གནང་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་ལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སྟེ། ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་ཚོགས་ཆེན་གྱི་གྲོས་ཆོད་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུ་ཡིན་འདུག
བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་ཁག་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཀྱི་དཔྱད་གཞིའི་ཁོངས་སུ་འཇོག་རྒྱུ་བཅས་གཏན་འབེབས་བྱས་འདུག
{jcomments on}