༄༅། །ཉམ་ཆུང་ཚེ་སྲོག་བསླུ་བའི་གདུང་འབོད། །

མགོན་དང་དཔུན་གཉེན་བྲལ་བའི་དུད་འགྲོ་ཡི་ཚོགས་ཀྱི། །
དབང་མེད་གཅེས་སྲོག་འཕྲོག་པའི་ངང་ཚུལ་འདི་མཐོང་ན། །
བརྩེ་ཤིང་བདག་ཏུ་འཛིན་པའི་རང་ལུས་ལ་སོམས་དང་། །
གཞན་ལ་གནོད་འཚེ་སྤང་བ་ཅིའི་ཕྱིར་ན་མི་ཆོགས། །

སྟོན་པ་སངས་རྒྱས་ནས་བཟུང་ད་ལྟ་ཡི་བར་དུ། །
གནའ་དེང་མཁས་གྲུབ་དུ་མས་གེ་སྡུག་གི་ཉེས་དམིགས། །
བསླུ་མེད་རྡོ་རྗེའི་གསུང་གིས་ལས་འབྲས་ཀྱི་རྣམ་བཞག །
ཧ་ལམ་དུད་འགྲོ་ཡིན་ཡང་གོ་རན་ཞིག་མིན་ནམ། །

དོན་མེད་གཞན་གྱི་ཚེ་སྲོག་རྒོལ་འདོད་དེ་སྤོང་ལ། །
མར་གྱུར་སེམས་ཅན་ད་ལྟའི་ཕ་མ་ཡི་ནང་བཞིན། །
བྱམས་དང་སྙིང་རྗེ་ཆེན་པོས་མཉམ་པོ་རུ་སྐྱོང་ལ། །
རང་གཞན་བདེ་ཆེན་ས་ལ་བགྲོད་ཐབས་ལ་རེམས་ཤིག །

ཚེ་འདིར་རང་དབང་མེད་ན་ཇི་འདྲ་ཡི་སྡུག་བསྔལ། །
ཡོད་མེད་རང་ཅག་རྣམས་ཀྱི་མྱོང་ཐོག་ལ་གྲུབ་འདུག །

སྨྲ་མི་ཤེས་པ་མ་རྟོགས་ཁྱད་མེད་ཀྱི་ཚོར་བ། །
ཡོད་ཕྱིར་དུད་འགྲོའི་རིགས་ལ་རང་དབང་ཞིག་སྤྲོད་རོགས། །

ཐོག་མེད་དུས་ནས་ད་ལྟ་ལ་ཐུག་གྱི་བར་དུ། །
དྲིན་གྱིས་བསྐྱངས་བའི་མར་གྱུར་ཉམ་ཐག་གི་སེམས་ཅན། །
འཚེ་མེད་ཚེ་སྲོག་ཐར་བའི་གཞན་ཕན་ཞིག་བསྒྲུབས་ན། །
འཛམ་གླིང་འདི་ཡང་བདེ་དགའི་དཔལ་ཡོན་ཞིག་ཆགས་ཡོང༌། །

ལྷ་མིའི་གཙུག་ཏུ་བཀུར་བའི་ཟས་གཙང་གི་སྲས་བོ། །
མ་འདྲེས་འཛའ་བཤེས་ཆེན་པོ་སྟོན་པ་དེའི་ཞལ་ཆེམས། །
དཔལ་གྱི་མགུར་ནས་བདེན་པའི་གསུང་དབྱངས་ཀྱིས་བདུད་རྩི། །
མ་འོང་གདུལ་བྱ་རྣམས་ཀྱི་བགོ་བསྐལ་ཡང་འདི་ཉིད། །

བཞི་ཚན་བཞི་རུ་ཡང་དག་མི་ཆོས་ཀྱི་སྙིང་བོ། །
ལྷ་ཆོས་དགེ་བ་བཅུ་ཡི་བརྗོད་དོན་གྱི་ཡང་སྙིང༌། །
མེས་པོ་སྲོང་བཙན་སྒམ་པོའི་ལེགས་བྱས་ཀྱིས་མཛད་རྗེས། །
གདོད་མའི་ཡ་ཐོག་ཡབ་མེས་སྲོལ་རྒྱུན་དེ་འདི་ལེགས། །

དེ་ཕྱིར་ཤེས་ལྡན་སྐྱེ་བོ་སྤང་བླང་གི་གནས་ལ། །
ཐོག་མེད་དུས་ནས་གོམས་འབྲས་མི་ལུས་ཤིག་རྙཻད་པ། །
ཁྲེལ་མེད་ལོག་སྤྱོད་ལམ་ནས་ཆུད་ཟོས་སུ་མ་གཏོང༌། །
བྱམས་དང་སྙིང་རྗེས་གཏན་བདེའི་ལམ་ཁ་དེར་སྙོགས་རོགས། །

རྣམ་དག་སེམས་ཀྱིས་གདུང་འབོད་རྒྱལ་ཁམས་ལ་ཁྱབ་ནས། །
བསླུ་མེད་རྒྱལ་བའི་ཞལ་གསུང་བདེན་དཔང་གི་འབྲས་འདིས། །
ཉམ་ཆུང་སེམས་ཅན་སྡུག་བསྔལ་འཇིགས་ཀུན་ལས་གྲོལ་ཏེ།
ཐར་པའི་ལམ་སྣ་ཟིན་པའི་སྐལ་བཟང་ལ་སྨོན་ནོ། །
བོད་དུང་བས།