རྫུན་གཏམ་གྱི་ལག་ཆ་གསར་པ་ཞིག་བེད་སྤྱོད་བྱེད་འགོ་ཚུགས་འདུག
དེ་ཡང་ཟླ་འདིའི་ཚེས་༣༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྷ་སར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཏེ། འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་འགོ་འཁྲིད་རྒྱུ་རེད་ཟེར་བར་རྒོལ་གཏམ་ཞིག་སྤེལ་ཡོད་པ་རེད། གསལ་བསྒྲགས་དེ་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་སྒྲོགས་སྦྱང་གནང་དོན། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་“མི་མང་ཉིན་རེའི་ཚགས་ཤོག་”གི་རྩོམ་སྒྲིག་པ་ལི་ཧོང་མེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བའི་འཁྱོག་བརྗོད་བསྐྱར་བཤད་དང༌། ལྷག་པར་འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་འགོ་འཁྲིད་རྒྱུ་རེད་ཟེར་བའི་ཧམ་བཤད་ལ་དེ་རིང་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བཤད་དགོས་ངེས་ཁག་ཅིག་གསལ་བཤད་བྱ་རྒྱུར།
སྤྱིར་བོད་རང་བཙན་སླར་གསོའི་བདེན་དོན་འཐབ་རྩོད་ལ་རྒྱ་ནག་གཞུང་འཇིགས་སྣང་བཟོད་མི་ཐུབ་པར་བརྟེན། དེར་ཕྱོགས་སྣ་མང་ནས་གཞི་རྩ་མེད་པར་ཉེས་མེད་ཉེས་འཛུགས་ཀྱིས་ཧམ་བཤད་སྐྱོན་འཛུགས་བྱས་པ་མ་ཟད། ལྷག་པར་བོད་རང་བཙན་སླར་གསོའི་བརྒྱུད་རིམ་ཁྲོད། ཧ་ཅང་གལ་གནད་ཆེ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཡིན་པ་དང༌། དེ་ཡང་ཨལ་ཁ་དཱ་དང་འབྲེལ་བ་ཡོད་སྐོར་བརྗོད་བཞིན་ཡོད་ཅིང༌། དེའི་དམིགས་ཡུལ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང༌། རྒྱལ་སྤྱིའི་གདེངས་འཇོགས་ཤུགས་ཆེ་ཡོད་བཞིན་པ་དེ་དག་ཉམས་བརླག་ཏུ་གཏོང་ཆེད་ཁོ་ནར་དམིགས་པ་ཞིག་ཆགས་ཡོད། གང་ལགས་ཞེ་ན། ད་བར་ལོ་ངོ་ ༤༡ རིང་གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་འཐབ་རྩོད་ཀྱི་ལས་དོན་ཡོངས་རྫོགས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་པ་ལས། དྲག་པོའི་ལས་དོན་ནམ་ཡང་བསྒྲུབས་མྱོང་མེད་ཅིང༌། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཡར་ལངས་བྱུང་བ་གཞོན་ལྷན་གྱིས་བརྒྱུད་སྐུལ་བྱས་པ་ཞིག་གཏན་ནས་མིན་པར། གཞིས་ལུས་རྒྱ་ཆེའི་མི་མང་གིས་འུ་ཐུག་བཟོད་བྲལ་གྱི་གནས་བབ་འོག་ནས། སྙིང་སྟོབས་ཆེན་པོས་མ་སྐུལ་དང་བླངས་ཀྱིས་ཡར་ལངས་བྱས་པ་ཤ་སྟག་ཆགས་ཡོད།
ད་དུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་རླབས་ཆེན་གྱི་ཞི་བའི་རང་བཙན་ཡར་ལངས་ཀྱི་ནུས་ཤུགས་དང་གཟི་བརྗིད་ཉམས་དམས་སུ་གཏོང་ཆེད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ནས་རྡུང་གཅོག་འཕྲོག་སྲེག་གི་ལས་འགུལ་སྤེལ་ཚུལ་འཁྱོག་བཤད་བྱས་པ་ཁུངས་མ་འཁྱོལ་བར་བརྟེན། ལས་འགུལ་བའི་ཁྲོད་དུ་རྒྱ་དམག་ལ་བོད་ཆས་གཡོགས་ཏེ་མཚོན་ཆ་ཐོགས་ནས་ངོ་རྒོལ་གྱི་རྣམ་པ་བསྟན་བཅུག་པ་མ་ཟད། བོད་ནང་དྲག་པོའི་ཡར་ལངས་བྱུང་སྐོར་གྱི་གློག་བརྙན་རྫུན་མ་ཕབ་ལེན་བྱས་པའི་གནས་ཚུལ་ཡང་ཡོངས་གྲགས་སུ་ཐོན་ཡོད་པ་ནི། གློ་དམག་སྒར་ཕྱིར་བསྡུ་བྱས་པ་ནས་བཟུང་གཞོན་ལྷན་ཙམ་མིན་པར་བོད་ཕྱི་ནང་གཉིས་ཀར་འཚེ་མེད་ཞི་བ་ཁོ་ནས་བོད་རང་བཙན་སླར་གསོའི་འཐབ་རྩོད་བྱས་པའི་བདེན་དཔང་གསོན་པོ་ཞིག་ཡིན། གང་ལགས་ཞེ་ན། གལ་སྲིད་བོད་མིས་དྲག་པོ་བྱས་ཡོད་ཚེ་རྒྱ་གཞུང་གིས་ལོགས་སུ་དེ་ལྟའི་འཁྲབ་སྟོན་རྫུན་མ་ཞིག་དགོས་དོན་མེད་ལ། དེ་བཞིན་བོད་ནང་རང་དབང་ཅན་གྱི་ཉམས་ཞིབ་པ་དང་བརྒྱུད་ལམ་ཁག་འགྲོ་སྐྱོད་བཀག་བསྡོམས་དགོས་དོན་ཡང་ཅི་ལ་ཡོད།
གཞོན་ལྷན་གྱི་དམིགས་ཡུལ་བོད་རང་བཙན་སླར་གསོ་ཡིན་པ་ནི། འཛམ་གླིང་ཐོག་ཡོངས་གྲགས་དང་ཕྱི་གསལ་ནང་གསལ་ཡིན་པ་ལས། ལི་ཧོང་མེས་གསལ་སྟོན་དགོས་པ་ཞིག་མིན་ལ། ད་དུང་མོས་གཞོན་ལྷན་ཐོག་མར་གསར་འཛུགས་སྐབས་ྋགོང་ས་མཆོག་གིས་འཇིགས་སྐུལ་དྲག་སྤྱོད་བྱ་རྒྱུ་གསུངས་སྐོར་བཤད་པ་ནི་གཞི་མེད་བསྙོན་འཛུགས་ཁོ་ན་ཡིན་པས། གནས་ཚུལ་དེ་ཉིད་གང་དུ་གསུངས་མིན་ངེས་པར་ཁུངས་སྐྱེལ་ར་སྤྲོད་དགོས་པ་དང༌། གཞོན་ལྷན་ཏཱ་ལའི་རུ་ཚོགས་ཀྱི་སྟོབས་ཤུགས་དཀྱིལ་དུ་སླེབས་སྐོར་བཤད་པ་ནི། བདེན་པ་ཏན་ནས་མེད་པའི་འཁྱོག་བཤད་དང༌། དམངས་གཙོའི་གོ་རྟོགས་མེད་པའི་ཧམ་བཤད་ཉག་གཅིག་ཏུ་ཟད། གང་ལགས་ཞེ་ན། གཞོན་ལྷན་གྱི་ཚོགས་འདུ་སྔ་རྗེས་དང་དམིགས་ཡུལ་བཅས་ནི། དམངས་གཙོ་ཚད་ལྡན་གྱི་ལོངས་སྤྱོད་འོག་ཡོངས་སུ་མང་ཚོགས་ཀྱི་མངོན་འདོད་དང་ལས་འཆར་ཁོ་ན་ལས། ྋགོང་ས་མཆོག་དང་བོད་གཞུང་གི་བཀོད་ཇུས་གང་ཡང་མེད་པར། མིང་དོན་མཚུངས་པའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་ཡིན་པ་ལས། རྒྱ་ནག་གི་གུང་གཞོན་སྡེ་ཚོགས་ལྟར་དབང་ཆ་གཅིག་སྡུད་པའི་སྲིད་གཞུང་གི་ལག་ཆ་དང་མཛུབ་མོ་གར་བསྟན་ཆགས་མེད་པ་དེ་ལི་ཧོང་མེས་ཤེས་དགོས། རྒྱ་ནག་ཏུ་དམངས་གཙོ་མེད་པར་སྒྲིག་འཛུགས་ཡོད་ཚད་གཞུང་གི་སྟངས་འཛིན་ཅན་དང་གཞུང་གི་ལག་ཆ་ཙམ་ལས། མིང་དོན་མཚུངས་པའི་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་ཅིག་མེད་པས། མོས་འདི་ལྟར་བརྗོད་པ་ནི་རང་དཔེ་གཞན་འགེབས་དང༌། མིག་མདུན་གྱི་གནས་ཚུལ་ཙམ་ལས། འཛམ་གླིང་གི་དམངས་གཙོའི་གོ་དོན་མ་རྟོགས་པས་ཡིན་ངེས།
ལྷག་པར་ལི་ཧོང་མེ་ནི། རྒྱ་ནག་གཅིག་སྡུད་པའི་གཞུང་གི་བརྒྱུད་ལམ་མི་སྣ་ཞིག་དང༌། ཁོང་ཚོའི་མགྲིན་པ་གཅིག་པུ་ལས། རང་དབང་ཅན་གྱི་ཉམས་ཞིབ་པ་དང༌། རང་དབང་ཅན་གྱི་བརྒྱུད་ལམ་པ་ཞིག་མིན་པས། མ་འོངས་པར་གཞི་མེད་ཁོང་ཚོས་སྐྱག་རྫུན་བསྐྱར་བཤད་ཡང་བཤད་རིགས་ལ་ལན་འདེབས་བྱ་དགོས་མ་མཐོང་ཞིང༌།
ྋགོང་ས་མཆོག་གི་སྲིད་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་གཏན་འཁེལ་བའི་སྐབས་འདིར། ལི་ཧོང་མེས་རྒྱུན་ལྡན་མིན་པའི་ཚབས་ཆེའི་སྐྱག་རྫུན་གསར་པ་གཞན་ཞིག་སྤེལ་འདུག་པ་ནི། བཙན་བྱོལ་བོད་གཞུང་གི་བཀའ་སྤྱིའི་འོས་བསྡུ་ལས་འཕྲོས་ཏེ། གཞོན་ལྷན་འཇིགས་སྐུལ་རིང་ལུགས་པ་ཡིན་པ་དང༌། བློ་བཟང་སེངྒེ་ལགས་ལགས་དེ་སྔོན་གཞོན་ལྷན་གྱི་དབུས་རྒྱུན་གནང་མྱོང་བས། མ་འོངས་འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་འགོ་འཁྲིད་རྒྱུ་རེད་ཟེར་ནས། ཧ་ལམ་མ་འོངས་བཙན་བྱོལ་བོད་གཞུང་དེ་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཤིག་ཆགས་རྒྱུ་ཡིན་སྐོར་གླེང་བ་ནི། གཞི་རྩ་བྲལ་ཡང་འཆར་གཞི་ལྡན་པའི་རྒྱ་ནག་གི་ཧམ་བཤད་ཀྱི་གོམ་སྟབས་གསར་པ་ཞིག་ཏུ་མཐོང་བས། དེར་བྱུང་རབས་དངོས་དང་དྲི་བའི་ལམ་ནས་ལན་འདེབས་བྱ་རྒྱུར།
ད་ཡོད་བཀའ་ཁྲིའི་འོས་མི་གསུམ་ཀ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཡིན་པ་མ་ཟད། འདས་པའི་ལོ་རྒྱུས་ནང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང༌། བཀའ་བློན་ཁྲི་ཟུར་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་རྣམ་གཉིས་དབུས་རྒྱུན་ཟུར་པ་ཡིན་པ་མ་ཟད། གཞོན་ལྷན་ཐོག་མར་གསར་འཛུགས་གནང་མཁན་གྲས་ཀྱང་ཡིན་ཞིང༌། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཡིན་ཡང༌། གཞོན་ནུའི་དབུས་རྒྱུན་ཟུར་པ་ཡིན་པའི་ཆ་ནས་ཁོང་ཚོས་བཀའ་ཁྲི་གནང་རིང་འཇིགས་སྐུལ་གྱི་ལས་དོན་ཅི་ཞིག་གནང་སོང་ངམ། གནད་དོན་དེ་ཁོ་ནས་བཀའ་བློན་ཁྲི་པ་དེ་གཞོན་ནུའི་དབུས་རྒྱུན་ཟུར་པ་ཡིན་པའི་རྒྱུ་མཚན་གྱིས་འཇིགས་སྐུལ་རིང་ལུགས་པར་བསྒྲུབ་པ་ནི། གནས་ལུགས་མེད་པའི་ཧམ་གཏམ་ཁོ་ནར་ཟད།
ལྷག་པར་རྒྱ་གཞུང་གིས་ཧམ་བཤད་ཀྱི་གོམ་སྟབས་གསར་པ་འདི་ལྟ་བུ་ཞིག་སྤེལ་དགོས་པའི་རྒྱུ་མཚན་ནི། ཉེ་ལམ་ྋགོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་གཏན་འཁེལ་བར་བརྟེན། ད་བར་རྒྱ་ནག་གི་བོད་དོན་འཐབ་རྩོད་དེ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐབ་རྩོད་རེད་ཟེར་བ་དང༌། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་ཆེད་རེད་ཟེར་བའི་ཧམ་གཏམ་གྱི་དྲིལ་བསྒྲགས་དེ་ཉིད། ད་ཆ་འཛམ་གླིང་ཐོག་ཡོངས་སུ་སྐྱག་རྫུན་ཡིན་པ་ར་སྤྲོད་གསལ་པོ་བྱུང་བར་བརྟེན། དེའི་ཚབ་ཏུ་མ་འོངས་བོད་དོན་འཐབ་རྩོད་དང་བོད་གཞུང་ལ་ཁ་གཏད་གཅོག་པའི་རྫུན་གཏམ་གྱི་ལག་ཆ་གསར་པ་ཞིག་དགོས་པར་བརྟེན། འཇིགས་སྐུལ་རིང་ལུགས་པའི་མི་སྣས་བཙན་བྱོལ་བོད་གཞུང་གི་གོ་གནས་འཛིན་རྒྱུ་རེད་ཟེར་ནས་ཧམ་བཤད་བྱ་འགོ་བཙུགས་ཡོད་པས། རྒྱལ་སྤྱིའི་ཚད་ལྡན་གྱི་ཉམས་ཞིབ་མཁན་དང་བརྒྱུད་ལམ་ཁག་གིས་དེའི་ཐད་ཆ་འཇོག་བྱ་འོས་ཀྱི་རིན་ཐང་གང་ཡང་མེད་པ་བཅས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས། བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༡ ཉིན།། །།
{jcomments on}