བླ་བྲང་དགོན་པར་དམ་དྲག་དང་དགེ་འདུན་པ་འཛིན་བཟུང་།
བོད་ནས་འབྲེལ་ཡོད་མི་སྣས་ཁུངས་དག་གནས་ཚུལ་བརྗོད་དོན་ལྟར་ན། ཉེ་བའི་ཕྱི་ཟླ་གསུམ་པའི་ཟླ་འགོ་ནས་བོད་ཀྱི་ལོ་སར་དང་། གསུམ་བཅུའི་དུས་དྲན། བཙན་བྱོལ་ནང་དུ་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སོགས་ཡོད་པས། བོད་ཨ་མདོ་ཀན་ལྷོ་བླ་བྲང་སོགས་སུ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མི་ཚོའི་ཐོག་མངོན་གསལ་དོད་པོས་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། དེའི་རྐྱེན་ས་གནས་དེར་བོད་མི་དང་དགེ་འདུན་པ་ཚོས་ད་ལོར་གཅིག་གྱུར་བོད་ཀྱི་ལོ་སར་རྒྱ་ཆེན་ངང་དགའ་སྟོན་བྱེད་རྒྱུར་སྔ་ས་ནས་གྲ་སྒྲིག་བྱས་ཡོད་ཀྱང་། སྔོན་འཆར་ལྟར་བྱུང་ཐུབ་མེད་ཐོག་བོད་མི་ཚོས་འཁོར་སྐར་བརྒྱུད་བལྟ་ཉན་བྱེད་བཞིན་པའི་ཕྱི་ཕྱོགས་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་ཁག་ལ་འཇུག་རྒྱུར་བཀག་བསྡོམས་ཚོད་འཛིན་ནན་མོ་བྱས་ཡོད་འདུག།
གནས་སྟངས་དེའི་ཁྲོད་ཕྱི་ཟླ་༣ ཚེས་ ༡༦ ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་བ་མ་ཟིན་ཙམ་ལ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་སྤྱི་བདེ་ཚན་པས་གློ་བུར་གསང་སྟབས་ཀྱིས་བླ་བྲང་དགོན་པའི་དགེ་འདུན་པ་ཀླུ་ཤོད་བསྟན་འཛིན་རྒྱ་མཚོ་ཞེས་པ་ཁོང་གི་གྲྭ་ཤག་ནས་འཛིན་བཟུང་བྱས་ཏེ་ཁྲིད་ཡོད་པ་དང་། དེ་རྗེས་ཁོང་གང་དུ་ཁྲིད་པ་དང་བཀག་གཉེར་བྱས་ཡོད་པ། འཛིན་བཟུང་གི་རྒྱུ་མཚན་སོགས་ཀྱི་ཐད་ནང་མི་གྲོགས་པོ་དང་དགོན་པའི་དགེ་འདུན་པ་ཚོས་ཤེས་རྟོགས་བྱུང་མེད་པ་རེད། འབྲེལ་ཡོད་ནས་བརྗོད་ན་དགེ་འདུན་པ་ཁོང་ནམ་རྒྱུན་མི་རིགས་ཀྱི་ལ་རྒྱ་དང་བདེ་སྡུག་གི་ཐད་དོ་སྣང་ཆེ་བ་དང་། གནས་ཚུལ་གསར་པ་གོ་ཚད་གཞན་ལ་ལྷག་བསམ་གྱིས་བཤད་མཁན་ཞིག་ཡིན་འདུག
གྲྭ་ཀླུ་ཤོད་པ་བསྟན་འཛིན་རྒྱ་མཚོ་ནི་མདོ་སྨད་ཡུལ་གྱི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་དང་། དེ་སྔོན་ལོ་ཤས་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་བཞུགས་ནས། སློབ་གཉེར་བྱས་རྗེས་ཕ་ཡུལ་བོད་ལ་ཕྱིར་ལོག་བྱས་པ་ཞིག་ཡིན་པ་དང་། ༢༠༠༨ ལོའི་བོད་ནང་གི་བོད་མི་ཚོའི་བོད་རང་དབང་ཆེད་ཞི་རྒོལ་ཆེན་མོའི་ལས་འགུལ་སྐབས་ཁོ་ཉིད་ས་གནས་དེ་གའི་བོད་མི་ཚོའི་ལས་འགུལ་སྣེ་ཁྲིད་པ་དང་། མི་སྣ་གཙོ་གྲས་ཡིན་པའི་ཉེས་འཛུགས་བྱས་ནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པས་འཛིན་བཟུང་གིས་རྒྱུན་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་བཏང་ཡོད་ཀྱང་ནམ་རྒྱུན་ཁོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ནན་མོ་བྱས་བསྡད་ཡོད་པ་རེད་འདུག།།
{jcomments on}