བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པ།

ཟླ་འདིའི་ཚེས་༤ དང་༥ ཉིན་གཉིས་རིང་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པ་དེ་འགོ་འཛུགས་བྱས་ཡོད་པ་དང་། ཉིན་གཉིས་པར་རྒྱུན་ལས་གསར་པ་འདེམས་བསྐོ་བྱེད་རྒྱུ་ཡིན་པ་རེད།

ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད། གཞན་ཡང་ནང་སྲིད་དྲུང་ཆེ་སོགས་དྲུང་ཆེ་ཁག་ཅིག་ཀྱང་ཕེབས་ཡོད་པ་རེད།
ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བསོད་ནམས་སྟོབས་རྒྱལ་གྱིས་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་གཏམ་བཤད་གནང་རྗེས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དཔལ་འབྱོར་དོ་དམ་པ་ཚེ་རིང་རྡོ་རྗེས་བྱུང་སོང་གི་རྩིས་ཁྲ་སྙན་སྒྲོན་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་རྣམས་ལ་ལག་ཁྱེར་གནང་རྗེས། གསུང་བཤད་གནང་དོན། ཁྱེད་རང་ཚོའི་རྒྱུན་ལས་དེ་ཚོ་ཡག་པོ་གདམས་དགོས་པ་དང་། གདམས་ཐོན་བྱུང་བ་དེ་ཚོས་སོ་སོའི་ཚོང་དང་རང་དོན་འཐུས་ཤོར་འགྲོ་ཡི་ཡོད་པ་ཡིན་ཡང། སྤྱི་དོན་ལ་ལྷག་བསམ་གྱི་ཐོག་ནས་ཕྱག་ལས་གནང་དགོས་པ་དེ་གལ་ཆེན་པོ་འདུག ད་ལྟའི་འཇིག་རྟེན་འདི་ཚོང་པའི་འཇིག་རྟེན་ཆགས་བསྡད་ཡོད་པ་རེེད། དཔལ་འབྱོར་དང་ཚོང་གི་ལས་དོན་དེ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་བ་གཏོང་བའི་རྒྱུ་རྐྱེན་དེ་ཆགས་བསྡད་ཡོད་པ་རེད། དཔེར་ན། ང་ལྟ་བུ་ཡིན་ན་ཚོང་པའི་ལྷན་ཚོགས་ནང་ལ་ཆ་ཤས་ལེན་པ་དང། ཚོང་པའི་ལྷན་ཚོགས་ནང་ལ་གཏམ་བཤད་བྱེད་པའི་འོས་བབ་ཡོད་མཁན་གྱི་མི་ཞིག་མ་རེད།

tcc_meeting02རང་སྒེར་གྱི་ལྟ་གྲུབ་ཐོག་ནས་བལྟས་པ་ཡིན་ན། དེང་རབས་ཀྱི་དངུལ་གྱི་མ་རྩའི་ཐོག་ནས་ཚོང་རྒྱག་མཁན་ལ་ངོ་རྒོལ་གྱི་ལྟ་གྲུབ་ཁྱེར་མཁན་ཞིག་རེད། འཇིག་རྟེན་འདི་ཆུད་ཟོས་གཏོང་མཁན་དེ་ཐོག་མར་དངུལ་དང། རྗེས་མ་དངུལ་ལ་བརྟེན་པའི་ཚོང། དེའང་མཐའ་མ་ཚོང་དེ་བསམ་བློའི་ནང་དུ་རྣམ་རྟོག་གི་སྤྲོས་པ་ཞིག་བརྒྱབ་པ་མ་གཏོགས། དངོས་སུ་སོ་སོའི་དངུལ་ཁུག་ནང་ལ་མ་རྩ་མེད་པ་ཡིན་ཡང་ཚོང་ལས་བྱེད་ཐུབ་པའི་མ་རྐང་ཉོ་ཚོང་གི་ཐོག་ནས་ཚོང་རྒྱག་པ་དེ་སྤྱི་ཚོགས་འཕྲོག་བརླག་གཏོང་བ་དང། སྤྱི་ཚོགས་ནང་ཕྱོགས་ཡུལ་ཆ་མཉམ་པ་ཡོང་བའི་གཞི་རྩ་ཞིག་ལ་མཐོང་གི་ཡོད་པ་རེད། དེར་བརྟེན་དེང་སང་ཉུང་ཤས་མ་གཏོགས་ལྷག་ཡོད་མ་རེད་དེ། ཉུང་ཤས་ལྷག་ཡོད་པ་དེ་ཚོས་ད་དུང་ཡང་ཇི་སྲིད་ཀྱི་བར་དུ་འཇིག་རྟེན་འདིའི་ནང་དངུལ་བེད་སྤྱོད་གཏོང་བའི་ཚོང་དང།  རྣམ་རྟོག་སྒྲོ་བཏགས་ཀྱི་ཐོག་ནས་མ་རྐང་ཉོ་ཚོང་བྱེད་པའི་ཚོང་འདི་འཇིག་རྟེན་གོ་ལ་གཅིག་གྱུར་ལྟ་བུ་འགྲོ་ཡི་ཡོད་པ་རེེད། དེ་ལ་མཇུག་བསྡོམས་ཤིག་རྒྱག་མ་ཐུབ་པ་ཡིན་ན། འཇིག་རྟེན་སྐྱེ་འགྲོ་བདེ་སྐྱིད་ཀྱིས་འཚོ་ཐུབ་ཀྱི་མ་རེད་བསམ་མཁན་གྱི་གྲས་ཡིན་ཞེས་དང་།

tcc_meeting03འོན་ཀྱང་ང་ཚོས་ཚོང་པའི་སྤྱི་ཚོགས་འཛུགས་དགོས་པ་རེད་ཅེས་འབད་བརྩོན་བྱེད་པ་དེ་སྤྱིར་བོད་པ་དང། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡིན་ཡང་ཚོང་པས་དབང་བསྒྱུར་བྱས་པའི་འཇིག་རྟེན་འདིའི་ནང་ལ་འཚོ་དགོས་ཀྱི་ཡོད་ན། ཁོང་ཚོ་ནང་བཞིན་ལས་ཀ་ཞིག་མ་བྱས་པ་ཡིན་ན་མི་གྲལ་དུ་མི་ཚུད་པ་ཆགས་འགྲོ་བ་ཞིག་རེད། སྤྱིར་ང་ཚོ་བོད་པའི་གནས་སྟངས་འདི་འདྲ་ཞིག་བྱུང་བ་དང།  རྒྱ་ནག་གི་གནས་སྟངས་འདི་འདྲ་ཡོང་བ་དེ་ཚང་མས་གསལ་པོ་ཤེས་ཀྱི་རེད། དཔལ་འབྱོར་རང་གི་འགྱུར་བའི་ཐོག་ནས་ཡོང་བ་ཡིན་པ་གསལ་པོ་རེད། དམག་དང་མི་འབོར་གྱི་ཆ་ནས་རྒྱ་ནག་ག་དུས་ཡིན་ཡང་བོད་ལས་སྟོབས་ཆེ་བ་ཞིག་རེད་མ་གཏོགས། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་གློ་བུར་དུ་རྒྱ་ནག་སྟོབས་ཤུགས་ཆེ་རུ་ཕྱིན་པ་གང་ཡང་མ་རེད། ཡིན་ནའང་འདས་པའི་ལོ་སྟོང་ཕྲག་མང་པོའི་རིང་ལ་རྒྱ་བོད་གཉིས་པོ་དེ་ཁྱིམ་མཚེས་བྱས་ནས། ཧ་ལས་ན་མཆོད་ཡོན་གྱི་འབྲེལ་བ་བྱས་ནས་བསྡད་པ་མ་གཏོགས། དུས་རབས་དགུ་པ་ནས་བཟུང་སྟེ་རྒྱ་བོད་གཉིས་པོ་དེ་གཅིག་གིས་གཅིག་ལ་བཙན་ཤུགས་ཀྱི་དབང་བསྒྱུར་བྱེད་པའི་ཐབས་ཤེས་བྱས་ཡོད་མ་རེད། མངའ་བདག་ཁྲི་རལ་གྱིས་རྒྱ་ནག་མཉམ་དུ་ཆིངས་ཡིག་བཞག་པ་ནས་བཟུང་སྟེ། བོད་པའི་ངོས་ནས་ཆིངས་དོན་ལ་ཞེ་དྲག་རྩ་ཆེན་པོ་བརྩིས་ནས་བསྡད་པ་རེད། རྒྱ་མིའི་ངོས་ནས་གང་འཚམ་བར་དུ་བསྡད་པ་རེད་ཅེས་དང་།

མུ་མཐུད་གསུང་དོན། ཚོང་པ་ཡིན་ན་འདྲ། ཞིང་པ་ཡིན་ན་འདྲ། གཞི་རིམ་གྱི་བཟང་སྤྱོད་མེད་པ་ཡིན་ན་བསྡད་ཐུབ་རྒྱུ་རྩ་བ་ནས་ཡོད་མ་རེད། དཔེར་ན། ད་ལྟ་རྒྱ་གར་དང་རྒྱ་ནག་གཉིས་དེ་རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པ་དང། འབྱུང་འགྱུར་དཔལ་འབྱོར་ཐད་སྟོབས་ཆེན་རྒྱལ་ཁབ་ཆགས་པའི་རྒྱུ་རྐྱེན་ཚང་བ་ལྟ་བུ་རེད་དེ། དེ་གཉིས་ཀའི་ཡར་རྒྱས་ཀྱི་ནང་དུ་འགོག་རྐྱེན་གཙོ་བོ་ག་རེ་འཕྲད་ཀྱི་ཡོད་རེད་ཟེར་ན། བཟང་སྤྱོད་ཡག་པོ་མེད་པ་དེས་རེད། ལྐོག་ཟ་རུལ་སུངས་དང་ལྟག་སྒོ་བརྒྱུད་པའི་གནས་སྟངས་ཚོང་གི་ཐོག་ལ་ཡིན་ཡང། འོས་མཚམས་ལས་བརྒལ་བའི་ཁེ་སང་ལེན་པའི་གནས་སྟངས་དེ་འདྲའི་ཐོག་ནས་ཡོང་བསྡད་པ་རེད། རྒྱ་གར་ལྟ་བུ་ལྐོག་ཟ་རུལ་སུངས་མེད་པ་ཞིག་ཆགས་ཐུབ་པ་ཡིན་ན། རྒྱ་གར་དེ་རྒྱ་ནག་གི་སྔོན་ལ་འགྲོ་བ་དང། འཇིག་རྟེན་ཐོག་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ལ་སླེབས་པར་ལོ་གཉིས་གསུམ་ལས་འགོར་གྱི་མ་རེད། ཡིན་ནའང་ཉིས་སྟོང་ཉི་ཤུའི་བར་དུ་མ་གཏོགས་རེ་བ་རྒྱག་ས་མེད་པར་བརྩི་ཡི་ཡོད་པ་རེད། གཅིག་བྱས་ན་རྒྱ་གར་གྱིས་རྒྱ་མིའི་ཁ་གཏད་ཡོང་གི་མ་རེད་བསམ་པའི་བསམ་བློ་འཁོར་བ་དེ་ཚོ་ཚང་མ་རྒྱ་གར་གྱི་ནང་དུ་བཟང་སྤྱོད་ཀྱིས་མ་འདང་བའི་དབང་གིས་བྱུང་བསྡད་པ་ཞིག་རེད། དེར་བརྟེན་ང་ཚོས་མ་རྩས་ཡོད་རུང་མེད་རུང་བཟང་སྤྱོད་དང་ལས་རྒྱུ་འབྲས་བརྩིས་ནས་འཛམ་བུ་གླིང་གི་མཉམ་དུ་མཉམ་བསྐྱོད་བྱེད་ཐུབ་ཀྱི་རེད།

འོན་ཀྱང་དེེ་བྱེད་པ་ལ། བོད་ལ་དེ་འདྲའི་སྲོལ་རྒྱུན་ཡོད་པ་དང། དཔེ་ཆ་ཡོད་པ། གཞུང་ལུགས་ཡོད་པ་དེ་ཙམ་གྱིས་ཕན་གྱི་མ་རེད། དེ་འདྲ་བཤད་མཁན་གྱི་བོད་པའི་ཚོང་པ་ཚོས་རང་ཉིད་ཀྱིས་དེ་ཉམས་ལེན་བྱས་ནས་འགྲོ་ཐུབ་མཁན་ཞིག་དགོས་པ་རེད་མ་གཏོགས། རང་གི་ངོས་ནས་བཟང་སྤྱོད་ཀྱི་གནས་བབ་ཡང་དག་པ་ཞིག་མེད་པར། མི་ལ་ང་ཚོའི་བླ་མ་ཚོས་དེ་འདྲ་གསུང་གི་ཡོད་རེད། ང་ཚོའི་སྲོལ་རྒྱུན་ལ་དེ་འདྲ་ཡོད་རེད། ང་ཚོའི་དཔེ་ཆའི་ནང་ལ་དེ་འདྲ་ཡོད་ཅེས་ལབ་ཀྱང་ཕན་ཐོགས་ཡོད་མ་རེད་ཅེས་དང།
དེ་རིང་ལོ་གཞོན་པ་མང་པོ་ཕེབས་འདུག་ལ། བུད་མེད་ཀྱང་གང་འཚམས་ཕེབས་འདུག་པས། དེ་ང་ཚོའི་ཡར་རྒྱས་ཀྱི་གོམ་སྟབས་ཤིག་མཚོན་གྱི་ཡོད་རེད། དགུང་ལོ་གཞོན་པ་ཚོས་ཏན་ཏན་སྤྱི་ཚོགས་དང་དཔལ་འབྱོར་གཉིས་ཀའི་ཐུགས་འགན་བཞེས་ནས་བོད་པའི་འཐབ་རྩོད་དང་བོད་པའི་སྲོལ་རྒྱུན་གཉིས་ཀ་མི་རབས་ནས་མི་རབས་བརྒྱུད་དེ་རྒྱུན་སྐྱོང་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས། ཚང་མས་དེའི་ཐོག་ཐུགས་འགན་བཞེས་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང།།

{jcomments on}