དྷ་སར་སློབ་མ་ཚོའི་ཟས་བཅད་ངོ་རྒོལ།
ལས་འགུལ་དེའི་ནང་དུ་དྷ་ས་ཁུལ་དུ་ཡོད་པའི་དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད་བོད་ཁྱིམ། གསོག་སྒར་སློབ་གྲྭ། ནོར་གླིང་མཐོ་སློབ། སཱ་ར་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། སུ་ཇ་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་སློབ་མ་གྲངས་བརྒྱ་ལྷག་དང་དེ་བཞིན་ཕྱི་རྒྱལ་བ་ཁག་ཅིག་ཀྱང་མཉམ་ཞུགས་ཀྱིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད།
ལས་འགུལ་དེའི་སྐོར་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་དོན། དྷ་རམ་ས་ལའི་ཁུལ་དུ་ཡོད་པའི་བོད་པའི་སློབ་མ་རྣམས་ཀྱིས་རང་དབང་གི་ཆེད་དང་། རྔ་པ་ཁུལ་མཐོ་འབྲིང་སློབ་མ་རྣམས་ཀྱིས་རང་སྲོག་བློས་བཏང་གིས་སྐུ་ལུས་མེར་བསྲེག་བཏང་བའི་ཀིརྟིའི་དགོན་པའི་གྲྭ་ཕུན་ཚོགས་ལ་རྒྱབ་སྐྱོར་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ལ། གདུང་སེམས་མཉམ་བསྐྱེད་ཆེད་དུ་རྒྱལ་སྤྱིའི་སློབ་མ་རྣམས་ལས་འགུལ་འདིའི་ནང་མཉམ་ཞུགས་ཡོང་ཆེད། ལས་འགུལ་འདི་དེ་རིང་ནས་འགོ་བཙུགས་པ་ཞིག་ཡིན་ཞེས་འཁོད་འདུག
གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་། མིང་རྟགས་དེ་རྣམས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་དམར་ཕྱོགས་དྲུང་ཆེ་ལིའི་ཆི་པའོ་ཡི་མིང་ཐོག་ཏུ་སྤྲོད་རྒྱུ་ཡིན་པ་རེད།
དགོང་དྲོ་ཟས་བཅད་ངོ་རྒོལ་མཚམས་འཇོག་རན་སྐབས། རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་མཚོན་བྱེད་དུ་གྲྭ་པ་ཞིག་གིས་ཤོག་སྒམ་ཐོག་མེ་རི་བྲིས་ནས་ལུས་ལ་གྱོན་ཞིང་། སྐད་འབོད་རྒྱག་བཞིན་དུ་མེག་ལོར་སྲང་ལམ་དུ་ཁྲོམ་སྐོར་བྱས་པ་དང་། སློབ་མ་རྣམས་དེའི་རྗེས་སུ་བང་བསྒྲིགས་ནས་ཁྲོམ་སྐོར་བྱས་པས་མི་མང་པོ་ལ་དམིགས་བསལ་གྱི་ཚོར་སྣང་སྤྲོད་ཐུབ་པ་ཞིག་ཀྱང་བྱུང་སོང་། དེ་བཞིན་མཇུག་བསྡོམས་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གཞོན་སྐྱེས་རྣམས་ལ་བོད་པའི་རྩ་དོན་གྱི་འགན་ཞིག་ཡོད་པའི་ཆ་ནས་ཟས་བཅད་ངོ་རྒོལ་སོགས་ལ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ཉེ་ཆར་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་དབང་འཕོ་འགྱུར་ཐད་ཏཱ་ལའི་བླ་མས་སྐྱག་རྫུན་བཤད་ཀྱི་ཡོད་རེད་ཅེས་སྒྲོག་གི་ཡོད་པ་དེ་ཚོར་གདོང་ལེན་བྱེད་རྒྱུ་དེ་སློབ་ཕྲུག་རྣམས་ཀྱི་འགན་ཆེ་ཤོས་ཆགས་ཀྱི་ཡོད་རེད་ཅེས་སོགས་གསུངས་སོང་།
ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་དྷ་ས་ཙམ་མིན་པར། ཟླ་འདིའི་ཚེས་༤ རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་དང་། ལྡི་ལི། བྷེང་ལོར། ཅི་ནའེ། ཀ་ལི་ཀ་ཏ། མེང་ལོར། བྷ་རོ་ཌ་བཅས་དང་། གཞན་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་སོགས་སུ་དེ་མཚུངས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད་འདུག །
{jcomments on}