བལ་ཡུལ་བོད་མི་ཚོས་བསྔོ་སྨོན་འཆོད་འབུལ།
དེ་ནི་གཙོ་བོ་བལ་ཡུལ་ནང་གི་སྟོད་པ་སྤྱི་ཚོགས་བདེ་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པ་བརྒྱུད་ཕྱི་ཟླ་༣ པའི་ཚེས་༣༠ བར་གྱི་ཉིན་གྲངས་གསུམ་རིང་བོད་མི་ཚོ་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་ལ་འཛོམས་པ་དང་། ཚོགས་པ་དེའི་ཚོགས་གཙོ་ཉི་མ་ཚེ་རིང་གིས་བརྗོད་དོན། ཁོང་ཚོས་གོ་སྒྲིག་བྱས་བའི་བོད་མི་ཚོའི་ཉིན་གྲངས་གསུམ་རིང་གི་ཞབས་རིམ་དང་ཆོས་ཀྱི་བྱེད་སྒོ་དེ་༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་མཉམ་བོད་ནང་བོད་སྤྱིའི་དོན་ཆེད་ཚེ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང། ཉེ་བའི་ཆར་ཉི་ཧོང་ནང་བྱུང་བའི་ས་འགུལ་མཚོ་འཁྱོམ་གྱི་རང་བྱུང་གོད་ཆག་བཅས་ལ་ཆེད་དུ་གདུང་སེམས་མཉམ་བསྐྱེད་དང། བསྔོ་བ་སྨོན་ལམ་སོགས་ཆོས་ཕྱོགས་བྱེད་སྒོ་སྤེལ་བ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ནས་རང་ལུས་མེར་སྲེག་གིས་བོད་དོན་ཆེད་ཚེ་སྲོག་ཕུལ་བའི་གནས་ཚུལ་བྱུང་མ་ཐག བལ་ཡུལ་དུ་མདོ་སྨད་པ་གཙོས་བོད་མི་ཚོས་རང་འགུལ་ཐོག་ནང་བའི་གནས་ཆེན་ཁག་ལ་མཆོད་འབུལ་དང་དགོན་སྡེ་ཁག་ལ་བསྔོ་རྟེན་འབུལ་བ་སོགས་བྱས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་ཉེ་བའི་ཉི་ཧོང་ནང་བྱུང་བའི་ས་འགུལ་མཚོ་འཁྱོམ་གྱི་རང་བྱུང་གོད་ཆག་ཚབས་ཆེན་དེའི་ཁྲོད་རོབ་རྩིས་ལྟར་མི་གྲངས་༡༠༩༠༠ ལྷག་རྐྱེན་འདས་དང་། མི་༡༦༣༠༠ ཙམ་བོར་བརླག མི་༡༩༠༠༠༠ ལྷག་གི་སྡོད་གནས་མེད་པར་གྱུར་པ་ནི་ཉི་ཧོང་ནང་འདས་བའི་མི་ལོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་རང་བྱུང་གོད་ཆག་ཆེ་ཤོས་དེ་ཡིན་འདུག།། བལ་ཡུལ་གསར་འགོད་པས།