སྐྱེ་དགུ་མདོར་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ།
དེ་བཞིན་ཁོང་ཚོས་འཕྲེད་དར་སྣ་ཚོགས་ཁྱེར་ནས་སྐྱེ་དགུ་མདོའི་གེ་སར་ཐང་ཆེན་དུ་འཛོམས་ནས་ངོ་རྒོལ་བྱས་ཡོད་པ་དང། འཕྲེད་དར་ཐོག་ཏུ་རང་ས་རང་དབང་དགོས། དྲང་བདེན་གྱི་ཐག་གཅོད་དགོས། དྲང་བདེན་གྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས། དངོས་ཐོག་བདེན་འཚོལ་གྱིས་ལས་དོན་བསྒྲུབ་རོགས་ཞེས་སོགས་འཁོད་ཡོད་འདུག དེར་བརྟེན་ཕྱི་ཚེས་༤ དགོང་དྲོ་ངོ་རྒོལ་བ་རྣམས་གེ་སར་ཐང་ཆེན་དུ་ཡོད་པའི་སྐབས་རྒྱ་དམག་བརྒྱ་ཕྲག་མང་པོ་འབྱོར་ནས། རྒྱ་ནག་གི་སྲིད་བློན་དེར་འབྱོར་གྱི་ཡོད་ཚུལ་གྱི་རྫུན་གཏམ་བསྒྲགས་ནས་བོད་མི་རྣམས་བཙན་ཤེད་ཀྱིས་ཁ་བཀྲམ་པ་མ་ཟད། བོད་མི་༤༠ ཙམ་ཞིག་འཛིན་བཟུང་བྱས་ཤིང་དྲག་གནོན་བྱས་ཤུལ་དུ་གཙང་བཟོ་དང་སྦས་འགེབས་བྱས་ནས་དྲག་གནོན་བྱས་པའི་དཔང་རྟགས་མེད་པ་བཟོས་ཡོད་པ་རེད། དེའི་ཁྲོད་བོད་མི་ཁག་ཅིག་དྲན་པ་འཐོར་བ་དང། ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་འདུག
ཡུལ་ཤུལ་མི་མང་ཚོས་ངོ་རྒོལ་བྱེད་དོན་ནི། སྔ་ལོ་ས་ཡོམ་བརྒྱབ་ཤུལ་གྱི་སྡོད་ཁང་འཛུགས་སྐྲུན་ཐད་ས་ཆ་ཡག་གྲས་རྣམས་རྒྱ་གཞུང་གིས་བདག་པོ་བརྒྱབ་ནས་བོད་མིར་སྤྲོད་ཀྱི་མེད་པ་མ་ཟད། ཕལ་ཆེར་ས་ཆའི་བརྒྱ་ཆ་ལྔ་བཅུ་ཙམ་རྒྱ་གཞུང་གིས་གཞུང་བཞེས་བྱེད་རྒྱུའི་བཀའ་རྒྱ་བཀྲམ་ཡོད་ཅིང། ས་ཆ་དེ་དག་ཐོག་རྒྱ་མི་རིགས་ཀྱིས་དབང་འཛིན་བྱེད་རྒྱུའི་འཆར་གཞི་ཡོད་པར་བརྟེན། བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་དུ་ངོ་རྒོལ་བྱས་པ་ཞིག་ཡིན་པ་རེད།།
{jcomments on}