ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་ལ་ངོ་རྒོལ།
ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཧོན་སི་མིན་མཆོག ཕྱི་ལོ་༢༠༡༢ལོར་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་ཁོངས་སུ་ཞུགས་མཁན་ཡིན་པས། ཧྲང་ཧེ་གྲོང་ཁྱེར་གྱི་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་གནས་ནས་འཕོ་འགྱུར་བཏང་ཡོད་པ་དང། སྐབས་དེར་ཁོང་གིས་གཞུང་ཚབ་པའི་ཆེས་མཐའ་མའི་གསུང་བཤད་གནང་དོན། འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞོ་པོ་དང་སྒྱུ་རྩལ་བ་ཨཱ་ཝི་ཝི་སོགས་རྒྱ་མི་རིགས་དྲང་བདེན་གྱི་ལས་འགུལ་བ་རྣམས་ལ། རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཉེས་མིང་སྣ་ཚོགས་བཀལ་ཏེ་བཀག་ཉར་དང་བཙོན་འཇུག་བྱས་ཡོད་པ་དང། དེ་བཞིན་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་འདི་ལ། ཨ་རི་གཞུང་གིས་ངོས་ནས་ག་དུས་ཡིན་ཡང་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
སྐབས་དེར་ཨ་རིའི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཚོགས་ཆུང་གི་ལས་དྲུང་སྐུ་ཞབས་ཀུཊ་ཀེམ་བྷེལ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཡོད་པ་དང། གོ་སྐབས་དེ་དང་བསྟུན་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ལྕམ་མེ་རི་བྷེ་ཐི་མ་མཆོག་གིས། ལས་དྲུང་སྐུ་ཞབས་ཀུཊ་ཀེམ་བྷེལ་ལ་བོད་དོན་འབྲེལ་བའི་རེ་འདུན་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་འཁོད་དོན། ཉེ་ལམ་རྒྱ་ནག་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང། དེ་ཡང་བོད་དུ་ཕྱི་ཟླ་༣ ནང་ཨ་མདོ་རྔ་པའི་དགེ་འདུན་པ་ཞིག་གིས། རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་སྲོག་གཅོད་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། དེ་དང་འདྲ་བ་བོད་ནང་དགེ་འདུན་པ་གཉིས་རྒྱ་མིའི་ཉེན་རྟོག་མི་སྣས་བཀག་ཉར་འོག་མནར་གཅོད་བཏང་སྟེ་མཐར་ཁོང་གཉིས་པོ་འདས་གྲོངས་སུ་གྱུར་པའི་གནས་སྟངས་བྱུང་ཡོད་པ་རེད་ཅེས་སོགས་བཀོད་ཡོད་པ་རེད།
ཡང་ཞུ་ཡིག་དེའི་ནང་། ཐེངས་འདིའི་ཨ་རི་དང་རྒྱ་ནག་དབར་ཚོང་དོན་ལྷན་ཚོགས་སྐབས། ཨ་རིའི་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་གི་གནད་དོན་ཐད་ལ་ལངས་ཕྱོགས་ཇི་ལྟར་འཛིན་གྱི་ཡོད་མེད། རྒྱ་ནག་གཞུང་ལ་རྣམ་པ་གསལ་པོ་སྟོན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང། དེ་ལྟར་མ་ཐུབ་ཚེ་རྒྱ་ནག་དང་བོད་ནང་འགྲོ་བ་མིའི་གཞི་རྩའི་རང་དབང་ཆེད་འཐབ་རྩོད་བྱེད་མཁན་ཚོར་བརྡ་ལན་ལོག་པ་ཞིག་འགྲོ་རྒྱུ་མ་ཚད། ཨ་རིའི་སྲིད་འཛིན་མཆོག་གིས་ཕྱི་ཟླ་༡ ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ལ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གཏམ་བཤད་དེའང་ནུས་པ་མེད་པ་ཞིག་འགྱུར་ངེས་རེད་ཅེས་སོགས་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}