ཁམས་བྲག་མགོ་རུ་ས་ཡོམ་ལྔ་ཚེག་གསུམ་ཅན་ཞིག་བརྒྱབ་པ།

ལོ་འདིའི་ནང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་སུ་ས་ཡོམ་ཆེ་ཆུང་མི་འདྲ་བ་ཁག་གསུམ་ཙམ་ཞིག་བརྒྱབ་ཡོད་འདུག་པ་དང།  དེ་ཡང་ཕྱི་ཟླ་༣ ཚེས་༡ ཉིན་སི་ཁྲོན་ཡིས་པེན་ཤིན་ཝིན་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་༣།༧ ཅན་ཞིག་བརྒྱབ་ཡོད་པ་དང། ཕྱི་ཟླ་༣ ཚེས་༡༡ ཉིན་སི་ཁྲོན་ཞིང་ཆེན་གྱི་ཉེ་འགྲམ་ཡུན་ནན་ཞིང་ཆེན་ཁོངས་ས་ཡོམ་གྱིས་མི་གྲངས་༢༥ ཙམ་བསད་ཡོད་འདུག་ལ། ཕྱི་ཟླ་༣ ཚེས་༡༧ ཉིན་སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་སུ་ས་ཡོམ་ཤུགས་ཚད་༣།༦ ཅན་ཞིག་ཀྱང་བརྒྱབ་འདུག

དེ་བཞིན་ཕྱི་ཟླ་༣ ཚེས་༢༨ ཉིན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ས་སུ་ས་ཡོམ་ཤུགས་ཚད་༣།༤ ཅན་ཞིག་བརྒྱབ་ཡོད་པ་དང། དེ་རིང་བྲག་མགོ་རྫོང་དུ་བརྒྱབ་པའི་ས་ཡོམ་བརྒྱབ་པ་དེ་ས་གནས་དེའི་ཕྱོགས་སུ་ལོ་འདིའི་ནང་ས་ཡོམ་ཐེངས་༥ པ་ཆགས་ཡོད་འདུག བོད་ནས་འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་ཆར་མི་ཚང་མ་ཁང་པའི་ནང་དུ་སྡོད་མ་ཕོད་པར་ཕྱི་ལོགས་སུ་གུར་ཕིབས་ནས་བསྡད་ཡོད་འདུག་པ་དང། ས་ཡོམ་རྒྱུག་པའི་སྐབས་ནང་གི་ཕོར་པ་ས་ལ་ཟག་པ་དང་། ཁང་པ་རྙིང་པ་རེ་ཟུང་ཞིག་ལ་ཞིག་སྐྱོན་བྱུང་བ། ཁང་པ་མང་པོ་ཞིག་གི་ཤེལ་ཁྲ་ཆག་པ། ལམ་ཁ་རེ་ཟུང་ལ་སྐྱོན་ཤོར་བ་སོགས་བྱུང་འདུག

ས་ཡོམ་བརྒྱབ་པའི་རྗེས་སུ་སྐར་མ་རེ་ཟུང་ལ་ཁ་པར་གྱི་བརྒྱུད་ལམ་ཆད་པ་སོགས་བྱུང་ཡོད་འདུག་ཀྱང། ད་ལྟའི་ཆར་ཁ་པར་གྱི་བརྒྱུད་ལམ་སོགས་སླར་གསོ་བྱུང་ཡོད་འདུག ས་ཡོམ་དེ་ནི་ལོ་སྔོན་མ་ཡུལ་ཤུལ་དུ་༤།༡༤ ཉིན་ས་ཡོམ་བརྒྱབ་པའི་དུས་ཚོད་དང་ཉིན་བཞི་ཙམ་ལས་ཁྱད་པར་བྱུང་མེད་པ་རེད། འདས་པའི་ལོ་ལྔ་བཅུ་ཙམ་གྱི་ནང་དུ་བྲག་མགོ་ཁུལ་དུ་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབ་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།།

{jcomments on}