བལ་ཡུལ་གྱི་བོད་མི་ཚོར་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པ།
ཟླ་འདིའི་ཚེས་༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་དཔལ་འབྱོར་དང་ཚོང་ལས་སོགས་ཀྱིས་རོགས་རམས་བྱས་ཏེ། བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོས་ལས་འགུལ་འདྲ་མིན་སྤེལ་བར་དམ་དྲག་བྱེད་དགོས་པ་དང། བལ་བོད་ཀྱི་ས་མཚམས་ཁག་ཏུ་དམག་མི་མང་དུ་བཏང་ནས། བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འགྲོ་མཁན་ཚོ་འཛིན་བཟུང་གིས་ཕྱིར་སྐྲོད་དགོས་པ་སོགས་ཆ་རྐྱེན་བཏོན་ཡོད་པ་རྣམས། བལ་གཞུང་གིས་ལོ་གྲངས་འགའི་སྔོན་ནས་ལག་བསྟར་གྱིས་བོད་པའི་དོན་གཅོད་སྒོ་རྒྱག་བཅུག་པ་དང། ལས་འགུལ་བ་ཚོ་རྡུང་རྡེག་དང་བཀག་ཉར་བྱས་པ། བཀའ་སྤྱིའི་འོས་འཕེན་གྱི་ལས་རིམ་རྣམས་བཙན་བཀག་བྱས་པ་སོགས་ཀྱིས་མཚོན། ད་ལྟའི་སྐབས་བལ་ཡུལ་དུ་ཡོད་པའི་བོད་མི་ཚོར་སྔོན་དང་མི་འདྲ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
དཀའ་ངལ་དེ་དག་གཞིར་བཞག་ནས་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས། བལ་ཡུལ་དུ་གནས་སྡོད་བྱས་ཡོད་པའི་བོད་མི་ཚོའི་ཆེད་དུ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང། གྲོས་ཆོད་དེའི་ནང་བལ་ཡུལ་གཞུང་གིས་ཡུལ་དེར་ཡོད་པའི་བོད་མི་བཙན་བྱོལ་བ་༢༠༠༠༠ ཙམ་ཡོད་པ་རྣམས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་དང། བལ་ཡུལ་ཉེན་རྟོག་པས་བོད་མི་གང་བྱུང་འཛིན་བཟུང་དང་བོད་མི་ཚོའི་སྐད་འབོད་ཀྱི་ལས་འགུལ་སོགས་ལ་དམ་དྲག་བྱེད་པ། དུས་ཆེན་ཁག་ལ་བོད་མི་ཚང་འཛོམས་བྱེད་རྒྱུར་དམ་དྲག་བྱེད་བཞིན་པ་སོགས་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན་ཞེས་བཀོད་ཡོད་པ་རེད།
ཡང་གྲོས་ཆོད་དེའི་ནང་། བལ་ཡུལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཀེ་ཐེ་རིན་མཆོག་ལ་བཀོད་མངགས་གནང་དོན།་བལ་ཡུལ་སྲིད་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ནང་གསལ་ལྟར། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་ཡོད་མེད་རྟོག་ཞིབ་ནན་པོ་བྱེད་དགོས་རྒྱུ་དང། ཉེ་ལམ་ཟླ་༣ ཚེས་༢༠ ཉིན་བཙན་བྱོལ་བོད་མི་ཚོས་བཀའ་བློན་ཁྲི་པ་དང་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱེད་སྐབས། བལ་ཡུལ་སྲིད་གཞུང་གིས་དམ་དྲག་བྱས་ཏེ་བོད་མི་རྣམས་འོས་བསྡུ་བྱེད་མ་བཅུག་པའི་གནས་སྟངས་རྣམས་གསལ་བཏོན་བྱས་ཡོད་པ་རེད།
དེ་བཞིན་སྔ་ཕྱི་བར་གསུམ་དུ་བལ་ཡུལ་ནང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཡོད་པ་རྣམས་ལ། ཡུ་རོབ་གྲོས་ཚོགས་ལ་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེན་བཏོན་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱིས། རྒྱ་ནག་དབུས་གཞུང་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལ། རྒྱ་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པར་སྐྱོན་བརྗོད་དང་སྦྲགས་ནས། རྒྱ་ནག་གཞུང་གིས་བལ་ཡུལ་ནང་སྲིད་ལ་ཐེ་བྱུས་དང་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་དང། དེ་བཞིན་བལ་ཡུལ་སྲིད་གཞུང་གིས་ཕྱི་ལོ༢༠༡༡ ཟླ་༥ ཚེས་༢༨ ཉིན། བལ་ཡུལ་གཞུང་གི་རྩ་ཁྲིམས་གསར་པ་གཏན་ལ་འབེབས་རྒྱུ་ཡིན་པ་དང། དེའི་ནང་སྨྲ་བརྗོད་རང་དབང་དང་འགྲོ་བསྐྱོད་རང་དབང་། འོས་འདེམས་ཀྱི་ཐོབ་ཐང་། ཆོས་དད་རང་དབང་སོགས་ངེས་པར་དུ་འགོད་དགོས་པའི་རེ་འདུན་ཡང་བཏོན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}