༄༅།ཚུགས་ཀ་ལས་བརྒལ་བའི་སྟངས་ཀ།།
ལྕོག་རི་ཕུར་བུ།།
མེ་ལོང་འཁྲིལ་བས་སེམས་ཁམས་ལྷོད་མྱོང་མེད།།
ལྟོ་ཁ་རྩོད་དེ་བཞིན་མདངས་གསུབ་རབས་མེད།།
རྒྱབ་མདུན་རྩིབས་མ་མཐོང་བའི་མདུན་སོ་ནས།།
ངོ་གདོང་གོར་མོ་བཅོས་པའི་སྐལ་བ་སྦོམ།།
འབའ་པ་སྐལ་བཟང་།
མིག་ཟུང་ཐིག་ལ་ལྷན་པའི་ལྟ་ཕྱོགས་ན།།
ཐེག་ཟུག་ངོ་གདོང་ཞིག་པའི་རྗེན་ངར་གསལ།།
ཁྲོ་འཛུམ་འོ་ཆུ་བྱེས་པའི་མཚམས་ངོགས་ན།།
འགྱུར་མེད་ངར་སྐད་རྩུབ་མོས་མུན་ནག་བཤར།།
ལྕོག་རི་ཕུར་བུ།།
ལྷགས་པའི་རྒྱུ་བ་རྒོད་པའི་སྒང་ཁ་ནས།།
རང་ཉིད་རླུང་ལ་སྒྲོན་པའི་རླངས་གཟུགས་ཚོས།།
ས་ཆེན་ཐལ་བ་འགམ་པའི་མུ་མེད་མཐར།།
རྩམ་པའི་མངར་ཁ་བོར་འདི་སྟོན་མོ་ཞིག།།
འབའ་པ་སྐལ་བཟང་།
རླུང་བུའི་ཁ་ལོར་བཞུགས་པའི་ནག་ཁྲོད་ནས།།
སྒོ་གསུམ་དབྱངས་ལ་ཐིམ་པའི་བྲག་ཅལ་འདིས།།
རྗེས་དང་སྐྱུག་པ་འཐུང་བའི་བར་གསེབ་ནས།།
རང་གདོང་རླུང་ལ་བསྐུར་བའི་འགུལ་སྟངས་ཤིག།།
ལྕོག་རི་ཕུར་བུ།།
རྒྱུག་ན་ས་ཆེན་འཇལ་བའི་སྟོང་མདང་དང་།།
འཇའ་ཚོན་ལག་པ་སྲིང་བའི་བར་བདོ་ནས།།
རང་ཉིད་འཁྲེག་ཚིག་སྨྲ་བའི་མུ་ལྟོ་བས།།
འགྲེལ་བཤད་མཇུག་མས་བྲིས་འདི་ཡ་རེ་མཚར།།
འབའ་པ་སྐལ་བཟང་།
སྟོང་སངས་སྣང་བ་འདོགས་པའི་མཁའ་ངོགས་ནས།།
འཇའ་ཚོན་ཟམ་པར་འཛུགས་པའི་མིག་ཞགས་དཔྱངས།།
རྔ་མས་རྨི་ལམ་བྲིས་པའི་ཟམ་སྣེ་ནས།།
རྣ་བར་འཇའ་ཚོན་ཡོད་ཚད་ཁྱི་སྐད་གྱུར།།
ལྕོག་རི་ཕུར་བུ།།
སྨིག་སྒྱུའི་རི་མོ་འགྲེལ་བའི་ཁོར་ཡུག་དེར།།
རིག་པའི་སྨྱུག་རྩེས་སྒུལ་འདི་རི་མོ་དངོས།།
མིག་ཟུང་ནང་ལ་སྲིང་བའི་སྒལ་ཚིགས་འདིས།།
རང་སོ་རི་མོར་འགྲེལ་འདི་གློ་བར་རྩུབ།།
འབའ་པ་སྐལ་བཟང་།
བྲང་ཁ་རྒྱ་མཚོར་གཏད་པའི་རླབས་མཐའ་ནས།།
རྐང་རྗེས་རི་མོར་གྱུར་པའི་བྱ་ལས་ཀྱིས།།
རང་ཉིད་ཇི་ལྟར་རྗེན་པ་སེམས་ནའང།།
ལྟོས་གྲུབ་གནས་ལུགས་འོག་ནས་རི་མོར་གྱུར།།
ལྕོག་རི་ཕུར་བུ།
གདོང་དང་གདོང་པ་གཤིབ་པའི་ཁྲོམ་ས་ནས།།
གོང་ཚད་ལྷང་ལ་བྲིན་པའི་ཧེ་བག་ཤོར།།
རླུང་བུས་སྐད་ཆ་དྲུད་པའི་མཇུག་སྣེ་ནས།།
གདམ་ཁའི་མཛུབ་མོས་སྟོན་འདི་འགྲེལ་སྟོན་ཞིག།
ཕྱི་ལོ་༢༠༡༠ཕྱི་ཟླ་༡༠ཚེས་༢༢ཉིན་དགོང་མོར་ཕན་ཚུན་ལག་པ་སྲིང་རེས་ཀྱིས་ཤར་མར་སྤེལ།