ཨ་པཱ་ཤར་པས་རི་འཛེགས་དང་གད་སྙིགས་གཙང་བཟོ།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཇོ་མོ་གླང་མའི་ཡང་རྩེ་དང་ཇོ་མོ་གླང་མར་ཐེངས་མང་ཤོས་འཛེགས་མྱོང་མཁན་གྱི་མཚན་སྙན་ཡོད་པའི་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་བའི་མི་རིགས་ཨ་པཱ་ཤར་པས་མི་གྲངས་ ༢༢ ལས་གྲུབ་པའི་རི་འཛེགས་རུ་ཁག་གཅིག་གི་སྣེ་ཁྲིད་བྱས་ཏེ། ཟླ་འདིའི་ཚེས་ ༦ ཉིན་བལ་ཡུལ་རྒྱལ་ས་ནས་མཁའ་ལམ་བརྒྱུད་ཇོ་མོ་གླང་མའི་ཉེ་འདབས་ལུག་ལྷ་གནམ་ཐང་ལ་ཕྱོགས་ཐོན་བྱས་ཡོད་པ་དང་། ཁོ་ཚོས་ད་ཐེངས་མཚོ་ངོས་ལས་མཐོ་ཚད་མེ་ཊར་ ༨༨༤༨ ཡོད་པའི་རི་བོ་ཇོ་མོ་གླང་མ་ནས་གད་སྙིགས་ལྗིད་ཚད་ཀེ་ལོ་ ༥༠༠༠ གཙང་བཟོ་བྱས་ཏེ། ཁོར་ཡུག་བདག་གཅེས་བྱེད་ཐུབ་རྒྱུར་རེ་བ་ཡོད་སྐོར་རི་འཛེགས་གོ་སྒྲིག་པ་ཨང་ཚེ་རིང་ཤར་པས་གསར་འགོད་པ་ཚོར་བརྗོད་ཡོད་པ་རེད།
བོད་དང་བལ་ཡུལ་ས་མཚམས་སུ་ཡོད་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དེ་ཕྱི་ལོ་ ༡༩༥༣ ལོ་ཙམ་ནས་རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་པ་ཚོར་ཡོངས་སུ་སྒོ་འབྱེད་བྱས་བ་ཡོད་པ་དང་། དེ་ནས་ལོ་ལྟར་རི་འཛེགས་པ་སྟོང་ཚོ་བརྒལ་བ་ཡོང་ནས་རི་འཛེགས་བྱས་ཡོད་པ་དང་མཉམ་ཇོ་མོ་གླང་མ་རུ་ཁོང་ཚོས་བེད་སྦྱོད་བྱས་པའི་བེད་མེད་དབུགས་སྣོད་དང་། ཤེལ་དམ། འགྱིག་དམ། ཉལ་ཆས་དང་རས་གུར་སོགས་གཡུག་ནས་ཡོད་པར་བརྟེན། འཛམ་གླིང་གོ་ལའི་ཡང་རྩེ་ཇོ་མོ་གླང་མའི་ཁོར་ཡུག་ལ་གད་སྙིགས་ཇེ་མང་ལ་སོང་ཡོད་པ་དང་། གནས་སྟངས་དེའི་འོག་ད་ཐེངས་ཁོར་ཡུག་གད་སྙིགས་གཙང་བཟོའི་ལས་འགུལ་ཏེ་ངའི་རྒྱལ་ཁབ་དང་མི་རིགས། འཛམ་གླིང་གི་ཁྱིམ་གཞི་འདིའི་ཆེད་དུ་ཡིན་པ་ཨ་པཱ་ཤར་པས་བརྗོད་ཡོད་པ་རེད།
དེ་བཞིན་ཉི་ཧོང་གི་རི་འཛེགས་པ་དང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ལོ་ན་ ༣༧ ཅན་གྱི་Ken Noguchi ཞེས་པས་སྣེ་ཁྲིད་པའི་རི་འཛེགས་རུ་ཁག་གཅིག་ཡང་ཁོ་ཚོ་དང་མཉམ་ཞུགས་བྱེད་རྒྱུ་ཡིན་པ་ཆེད་མཁས་རི་འཛེགས་པ་དང་། རི་འཛེགས་སྣེ་ཁྲིད་ལམ་ཁྲིད་པ་སོགས་བསྡོམས་པས་མི་གྲངས་དྲུག་ཅུ་མ་ཟིན་ཙམ་ཡོད་པའི་ཁོངས་ནས་མི་གྲངས་༢༤ ཙམ་ནི་ཕྱིའི་རྒྱལ་ཁབ་ཁག་ནས་ཡིན་པ་རེད།
ཟླ་བ་ཤར་པས་བརྗོད་ན། ཁོང་ཚོས་ད་བར་ཇོ་མོ་གླང་མའི་ཁོར་ཡུག་བདག་གཅེས་དང་གད་སྙིགས་གཙང་བཟོའི་ལས་འགུལ་ཐེངས་གསུམ་སྤེལ་ཟིན་པའི་རིང་གད་སྙིགས་ཀེ་ལོ་ ༡༢༠༠༠ གཙང་བཟོ་བྱས་ཡོད་པ་དང་། ད་ཐེངས་གཞི་རྒྱ་ཆེ་ཤོས་དང་ལས་འགུལ་སྤེལ་ཐེངས་བཞི་པ་དེ་ཡིན་པར་ཚང་མས་རི་འཛེགས་ལས་འགུལ་སྐབས་ཉི་འོད་ནུས་པའི་ཅ་དངོས་བེད་སྤྱོད་གཏོང་རྒྱུ་དང་། ལས་འགུལ་འདི་བརྒྱུད་བལ་ཡུལ་གཞུང་དང་མཉམ་ཇོ་མོ་གླང་མའི་ཁོར་ཡུག་བདག་གཅེས་དང་འབྲེལ་བའི་ཁྲིམས་གཞི་གསར་པ་ཁག་ཡང་གཏན་འབེབས་བྱེད་རྩིས་ཡོད་འདུག།
ཇོ་མོ་གླང་མ་ནི་འཛམ་གླིང་གི་ཡང་རྩེ་དང་རི་རྒྱུད་ཧི་མ་ལ་ཡའི་རྩེ་དེ་ཡིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དེ་ནི་མཉམ་འགྲོའི་རི་རྒྱུད་འགའ་ཞིག་ལས་གྲུབ་པའི་རི་བོའི་ཕྲེང་རྒྱུད་ཆེན་པོ་ཞིག་ཡིན་པས། རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་བྱས་ན་མེ་ཏར་༦༠༠༠ ཙམ་ཡོད་པ་དང་དེའི་ཁོངས་རི་རྩེ་མཐོ་ཤོས་ཇོ་མོ་གླང་མ་ནི་བོད་དང་བལ་ཡུལ་ས་མཚམས་སུ་ལངས་པ་ལྟར་དུ་གནས་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་མེ་ཊར་༨༨༤༨ ཡོད་པས་དེ་ནི་འཛམ་གླིང་གོ་ལའི་ཐོག་གི་རི་བོ་མཐོ་ཤོས་ཡིན་པ་དེར་ལོ་རྒྱུས་ཐོག་ཐེངས་དང་པོར་འཛེགས་ཐུབ་པ་བྱུང་མཁན་བསྟན་འཛིན་ནོར་རྒྱས་ཡིན་པ་རེད།།
བལ་ཡུལ་གསར་འགོད་པས།
{jcomments on}