རྔ་པ་ཀིརྟི་དགོན་པ་ད་ལྟ་བཙོན་ཁང་ལྟ་བུར་གྱུར་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཕྱི་དྲིལ་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་མི་མང་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། སྐབས་དེར་དྷ་ས་ཀིརྟི་གྲྭ་ཚང་དུ་ཡོད་པའི་གྲྭ་བློ་བཟང་ཡེ་ཤེས་དང་ཚེ་རིང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་བཅས་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཀིརྟི་དགོན་པར་དམ་དྲག་གི་བརྒྱུད་རིམ་སྐོར་འཁོད་དོན། ༢༠༡༡ ཟླ་༣ ཚེས་༡༦ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་བཟུང། དེར་ཡོད་སེར་སྐྱ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་བྱས་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་རྔ་པ་ཁུལ་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད་ཅེས་འཁོད་འདུག

གསལ་བསྒྲགས་དེའི་ནང་དེའི་རྗེས་ཀྱི་གནས་ཚུལ་སྐོར་འཁོད་དོན། དགོན་པ་དང་སློབ་གྲྭ་བཅས་སུ་དམག་དཔུང་འབོར་ཆེན་འགྲེམས་འཇོག་གིས། སོ་ལྟ་བྱས་པ་དང་དོན་མེད་མི་མང་པོ་བཀག་ཉར་བྱས་ཡོད་པའི་ཁྲོད་ནས་ཤེས་རྟོགས་བྱུང་ཡོད་པ་ནི། འཛམ་ཐང་རྫོང་ནས་དགེ་རྒན་དཔལ་ཁོ་དང་། རྡོ་རྗེ། ཨ་རྡོར། འོད་གསལ་རྡོ་རྗེ་སོགས་མི་༨ དང། རྔ་པ་རྫོང་ནས་མཐའ་བ་འགབ་མའི་ཚེ་རིང་སྐྱིད། མཐའ་བ་གོང་མའི་བློ་བཟང་འཇམ་དབྱངས། དབང་ཕྱུག་བསོད་ནམས་སོགས་མི་༨དང། རྨེའུ་རུ་མའི་ཕུན་ཚོགས། རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། ཕུན་ཚོགས་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང། བསམ་འགྲུབ། བློ་བཟང་བསྟན་འཛིན། བློ་བཟང་ཆོས་འཕེལ། བློ་བཟང་དངོས་གྲུབ། བློ་བཟང་ཚེ་དཔག བཀྲ་ཤིས་སམ་ཞིས་བཀྲ། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཀོན་ཚེ། ཡུལ་ཤུལ་ནས་ཡིན་པའི་གྲྭ་དཔལ་ལྡན། གཅའ་རུ་བའི་བཀྲིས། ཆོས་རྗེ་མའི་སེང་གེ། ཁང་སར་མའི་བསྟན་ཚེ། དཀོན་མཆོག་ཚུལ་ཁྲིམས་བཅས་ཕྱི་ཟླ་༣ཚེས་༢༠ ནས་གྲྭ་བཅུ་བཞི་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་ནས་ད་ལྟ་བཀག་ཉར་འོག་ཡོད་པ་གྲྭ་༥དང་། མི་སྐྱ་༡༡ ཡོད་འདུག ད་དུང་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྣ་ཚོགས་སྤེལ་ནས། དགེ་འདུན་པ་ཚོར་སུན་བཙེར་བྱེད་བཞིན་ཡོད་པ་དང། ཉེན་རྟོག་པའི་ལྟ་སྲུང་འོག་ནས་སློབ་སྦྱོང་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་འཁོད་འདུག

མུ་མཐུད་གསལ་བསྒྲགས་དེའི་ནང་འཁོད་དོན། ཕྱི་ཟླ་༤ ཚེས་ཤར་ནས་དགོན་པའི་མཐའ་སྐོར་དུ་ལྕགས་རི་མེད་སར་དམག་མིས་ལྕགས་དྲའི་རྭ་བ་རྒྱག་བཞིན་ཡོད་ཅིང་། དགེ་འདུན་པ་ཚོ་ཕྱི་ལོག་ཏུ་མ་བཏང་ནས་བཟའ་ཆས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། ཟླ་འདིའི་ཚེས་༣ ཡས་མས་ནས་དགོན་པའི་ཤར་ཕྱོགས་ཀྱི་གྲྭ་ཤག་མང་པོའི་ནང་རྒྱ་དམག་བཙན་གྱིས་འཛུལ་ནས། སྒོ་དང་སྒེའུ་ཁུང་བཅག་པ་དང་བཅའ་དངོས་རྐུ་འཕྲོག་སོགས་བྱས་ཡོད་པ་མ་ཟད། དགེ་འདུན་པ་ཚོར་རྡུང་རྡེག་བཏང་ནས་ད་ལྟའི་སྐབས་དགོན་པ་དེ་བཙོན་ཁང་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད་པ་དང། གནས་སྟངས་འདི་འདྲའི་འོག་ནས་ཕྱི་ཟླ་༤ ཚེས་༨ ཉིན་སླར་ཡང་ཀིརྟི་དགོན་གྱི་དགེ་འདུན་པ་དོན་ཡོད་རྡོ་རྗེ་དང། བསྟན་འཛིན་འཇམ་མཁོ། དེ་མིན་མིང་མ་ཤེས་པའི་དགེ་འདུན་པ་གཅིག་བཅས་འཇུ་བཟུང་བྱས་ཡོད་པ་རེད་འཁོད་འདུག

བོད་ནང་འབྲེལ་མཐུད་བྱས་ནས་ད་ལྟའི་བར་གནས་ཚུལ་འདི་ཙམ་མ་གཏོགས་རག་མེད་པ་དང། ང་ཚོས་ཤེས་མ་ཐུབ་པའི་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངེས་པར་དུ་བོད་ནང་གི་གནས་སྟངས་དེ་སྐྱོབ་ཆེད་དུ་རོགས་རམས་གནང་དགོས་པ་དང། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་འབོད་སྐུལ་གྱིས། ཛ་དྲག་གི་གནས་སྟངས་འདི་དག་གང་མགྱོགས་ལེགས་བཅོས་ཡོང་རྒྱུར་ཐབས་ལམ་འཚོལ་རྒྱུ་ཡིན་ཞེས་འཁོད་འདུག །

{jcomments on}