གཞུང་ཆེན་མཐར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བསྩལ་བ།
དེ་ནི་ཉེ་བའི་ཆར་བལ་ཡུལ་ནང་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་ཐེངས་དང་པོར་གསར་འཛུགས་ལག་བསྟར་གནང་བའི་ཁྲོད་བལ་ཡུལ་ནང་དགེ་ལུགས་དགོན་ཁག་འདྲ་མིན་ནས་དགེ་འདུན་པ་བཅུ་དང་། བཙུན་མ་བཅུ་གཅིག་མཉམ་ཞུགས་བྱས་ཡོད་པ་ཚོས་བདུན་ཕྲག་གཉིས་རིང་གཞུང་ཆེན་ལྔའི་ཐོག་ཕྱོགས་འདྲ་མིན་ནས་རྒྱུགས་སྤྲོད་ལེགས་འགྲུབ་བྱུང་བ་དང་། ད་ཐེངས་རྒྱ་གར་ནས་ཆེད་དུ་བྱང་རྩེ་ཆོས་རྗེ་མཆོག་བལ་ཡུལ་ལ་ཕེབས་ཡོད་པའི་སྐབས་དང་བསྟུན། རབ་འབྱམས་པའི་ཕྱག་ཁྱེར་སྤྲོད་པའི་མཛད་སྒོ་ཚུགས་ཡོད་པར། བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་གིས། ད་ལོ་ནས་བཟུང་དགེ་ལྡན་དགོན་སྡེ་ཁག་མཉམ་འབྲེལ་ཐོག་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་དངོས་སུ་དབུ་འཛུགས་བྱེད་རྒྱུ་ལེགས་འགྲུབ་ཀྱིས། ད་ཐེངས་དངོས་སུ་ཕྱག་ཁྱེར་སྤྲོད་པའི་མཛད་སྒོ་ཚུགས་པ་བལ་ཡུལ་དུ་ལོ་རྒྱུས་སྟེང་ཐོག་མ་ཆགས་ཀྱི་ཡོད་པ་དེ་ཚང་མ་མཉམ་རུབ་ཀྱི་ནུས་བའི་སྟོབས་ཤུགས་ལས་བྱུང་བ་ཡིན་པས་མུ་མཐུད་འབད་འབུངས་བྱེད་རྒྱུ་གལ་ཆེ་ཚུལ་སོགས་གསུངས་སོང།
སྐབས་དེར་མཛད་སྒོའི་དབུ་བཞུགས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་དང་འབྲེལ། ལས་དོན་གང་ཞིག་འགོ་བཙུགས་ཚར་དུས་གཙོ་བོ་མུ་མཐུད་ཚད་ལྡན་རང་བཞིན་གྱིས་མཇུག་སྐྱོང་ཡག་པོ་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་སོང་ལ། ད་དུང་མཛད་སྒོའི་ཐོག་བལ་ཡུལ་ནང་བའི་ཚོགས་ཆེན་གྱི་ཚོགས་གཙོ་མཆོག་ཡང་ཕེབས་ནས་གཏམ་བཤད་གནང་ཡོད་པ་རེད།
བལ་ཡུལ་དགེ་ལྡན་ལྷན་ཚོགས་ནི་བལ་ཡུལ་རྒྱལ་ནང་གི་དོལ་རྒྱལ་སྟེན་གསོལ་མི་བྱེད་པའི་དགེ་ལུགས་དགོན་པ་ཁག་གི་གཞུང་ཆེན་ཤེས་ཡོན་ཡར་རྒྱས་ཚགས་ཚུད་ཡོང་སླད་ཕྱི་ལོ་༢༠༠༩ ལོར་དངོས་སུ་བལ་ཡུལ་གཞུང་ལ་དེབ་སྐྱེལ་བྱས་ཏེ། ད་ཆ་བོད་མི་དང་ཧི་མ་ལ་ཡའི་ནང་བའི་གྲྭ་བཙུན་ཚོགས་མི་གྲངས་སྟོང་ཕྲག་ལྷག་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང། ཚོགས་པའི་དམིགས་ཡུལ་ལས་མཆར་ཁག་ཡིག་ཆ་ཁག་ལ་འཁོད་པ་ལྟར་ན། བལ་ཡུལ་ནང་རྣམ་འགྲེལ་རྩོད་པ་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ལོ་ལྟར་སྐོང་ཚོགས་ཞུ་རྒྱུ་དང་། གཞུང་ཆེན་བཀའ་པོད་ལྔ་ཡི་རྒྱུགས་སྤྲོད་ཆེན་མོ་ལོ་ལྟར་གྲ་སྒྲིག་ཞུ་རྒྱུ། ལྷན་ཚོགས་འདིའི་ཁྱབས་ཁོངས་དགོན་སྡེ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་ལོ་ལྟར་རྩེ་ཕུད་ཀྱི་བྱ་དགའ་སྤྲོད་རྒྱུ། མི་མང་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཆེད་ཟབ་སྤྱོང་གོ་སྒྲིག་ཡང་ཡང་ཞུ་རྒྱུ་སོགས་ལས་མཆར་གཙོ་བོ་ཁག་བཞི་ཙམ་ཡོད་པ། ད་ཆ་ལག་ལེན་དུ་བསྟར་བཞིན་པ་དང་། དེ་སྔོན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཚོགས་པ་དེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེད་དཔལ་འབྱོར་གྱི་མ་དངུལ་གསོལ་རས་བསྩལ་གནང་ཡོད་འདུག།
བལ་ཡུལ་གསར་འགོད་པས།
{jcomments on}