ནང་བསྟན་ལས་བསྟན་པའི་དངོས་པོའི་དཔལ་ཡོན།
རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་ཆོས་ལུགས་ཞིབ་འཇུག་སྡེ་ཚན་དང། དེའི་སློབ་ཁོངས་བསམ་གཏན་ཆོས་ཚོགས་དང་བསམ་གཏན་སློབ་སྦྱོང་སྡེ་ཚན། མཚན་ཉིད་རིག་པའི་སློབ་སྦྱོང་ལྟེ་གནས། སྤྲོ་སྐྱིད་རྒྱལ་སློབ་སྡེ་ཚན་བཅས་ཀྱིས་གོ་སྒྲིག་འོག གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་བསོད་དར་རྒྱས་མཆོག་གསུང་བཤད་གནང་བར་ཆེད་དུ་གདན་འདྲེན་ཞུས་པ་ལྟར། ཕྱི་ཟླ་༣ ཚེས་༡༡ ཉིན་ཧྲང་ཧེ་ཧྥུའུ་ཏན་སློབ་གྲྭ་ཆེན་མོ་ཨ་རིའི་ཞིབ་འཇུག་ལྟེ་གནས་ཞེའུ་ཤེས་ཏེའུ་གསུང་བཤད་ཚོགས་ཁང་དུ་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་སུམ་ཅུའི་རིང་ནང་བསྟན་ལས་བསྟན་པའི་དངོས་པོའི་དཔལ་ཡོན་ནམ་ནང་བསྟན་གྱིས་དངོས་པོའི་དཔལ་ཡོན་ལ་ལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
མཁན་པོ་མཆོག་གིས་ནང་བསྟན་གྱི་དབུ་མའི་ལྟ་བས་དེང་དུས་ཀྱི་ཚད་རྡུལ་ནུས་ཤུགས་རིག་པའི་རྩེར་སོན་ལྟ་བ་ལ་འགྲེལ་བཤད་དང། རིག་པ་དེ་དང་ནང་པའི་སྟོང་ཉིད་ཀྱི་ལྟ་བའི་བར་དཔྱད་བསྡུར་དང་དབྱེ་ཞིབ་ཟབ་རྒྱས་གནང་ཡོད་པ་དང་མཇུག་ཏུ་དྲི་བ་དྲིས་ལན་བཅས་ཚང་མ་རྒྱ་སྐད་ཀྱི་ཐོག་ནས་གནང་ཡོད་པ་རེད། གསུང་བཤད་ཀྱི་མཇུག་ཏུ་མཁན་པོ་མཆོག་གིས་རྒྱ་ནག་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཟུར་པ་ཀྲོའུ་ཆིན་ཧྲི་ཡིས་ཚན་རིག་པ་རྣམས་ཀྱིས་དཀའ་སྡུག་ཚད་མེད་བསྐྱོན་ནས་རི་རྩེར་སླེབས་དུས། ནང་པའི་སློབ་དཔོན་ཆེན་མོ་སྔ་མོ་ནས་གནས་དེར་སླེབས་ནས་ཡུན་རིང་བསྒུགས་འདུག། ཅེས་པའི་གཏམ་དཔེ་དེ་དྲངས་ཡོད་པ་རེད།
ལོ་སྔོན་མའི་ཟླ་བ་༦ པའི་ཚེས་༢༠ ཉིན་མཁན་པོ་བསོད་དར་རྒྱས་མཆོག་སྐབས་བཞི་པའི་རྒྱལ་སྤྱིའི་སྤྱི་ཕན་བྱམས་བརྩེ་དགེ་ལས་གླེང་སྟེགས་ཚོགས་པས་གདན་འདྲེན་གྱིས་གསུང་བཤད་གནང་ཡོད་པ་དང། ཕྱི་ཟླ་༣ ཚེས་༢༤ དང་༢༥ ཉིན་རྒྱ་ནག་གི་མཐོ་སློབ་ཆེས་སྐད་གྲགས་ཅན་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ་གཉིས་ཀྱི་ནང་དུའང་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། མཁན་པོ་ཁོང་རྒྱ་ནག་གི་ཆེས་མཐོའི་སློབ་གྲྭ་ཆེན་མོ་འདི་གསུམ་གྱི་ནང་དུ་གདན་འདྲེན་ཞུས་པའི་བོད་རིགས་ཐོག་མ་དེ་ཡིན་པ་དང་ཆེས་དགའ་བསུ་ཐོབ་མཁན་དེ་ཡང་ཡིན་འདུག ཁོང་ནི་ནང་བསྟན་གྱི་གསུང་རབས་ཁག་རྒྱ་ཡིག་ཏུ་བསྒྱུར་མང་ཤོས་དེ་ཡིན་པ་རེད།།
གནས་ཚུལ་འདི་སྒྱུར་སྒྲིག་དང་འདྲ་པར་བཅས་མཁོ་སྤྲོད་བྱེད་མཁན་སྟག་རྩེད་ཡོན་ཏན་རྒྱ་མཚོ།