རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་བསྐྱོད་འཆར།

ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནི་རྒྱ་གར་གྱི་ཚོང་རོགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང། རྒྱ་གར་གྱི་ཚོང་ཟོག་ནང་འདྲེན་བྱེད་ས་ཆེ་ཤོས་དེའང་རྒྱ་ནག་ཆགས་ཀྱི་ཡོད་ཅིང། རྒྱ་གར་གྱི་བཟོ་གྲྭ་ཁག་གིས་ལྕགས་རིགས་རྒྱ་ནག་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་ལས། དེ་མིན་གྱི་ཚོང་ཟོག་རྒྱ་ནག་ཏུ་ཕྱིར་གཏོང་བྱེད་ཐུབ་ཀྱི་མེད་པ་དང། དེ་ལས་ལྡོག་སྟེ་རྒྱ་ནག་གི་ཚོང་ཟོག་མང་པོ་ཞིག་ནང་འདྲེན་བྱེད་བཞིན་ཡོད་པས། ད་ལྟའི་སྐབས་རྒྱ་དཀར་ནག་གཉིས་ཀྱི་ཚོང་གི་འབྲེལ་ལམ་དེ་ཙམ་སྤྱི་སྙོམས་མིན་པས། རྒྱ་གར་གྱི་སྲིད་བློན་གཙོ་བོ་ཚོང་དོན་གྱི་ཆེད་དུ་རྒྱ་ནག་ཏུ་བསྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་གྱི་དཔལ་འབྱོར་ཉམས་ཞིབ་པ་སྐུ་ཞབས་སཱ་མ་རན་གྱིས། རྒྱ་ནག་གི་སྲིད་བློན་ཝོན་ཅཱ་པོ་རྒྱ་གར་དུ་སླེབས་པའི་སྐབས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་ཐད་ལ་གྲོས་མོལ་བྱས་ཡོད་པ་དང། དམིགས་སུ་བཀར་ནས་རྒྱ་གར་གྱི་དངོས་ཟོག་རྒྱ་ནག་ཏུ་ཕྱིར་གཏོང་བྱེད་རྒྱུའི་ཐད་ལ་གྲོས་མོལ་བྱས་ཏེ། རྒྱ་གར་གྱི་ཚོང་ལས་ཕྱོགས་སུ་སྤྱི་སྙོམས་མེད་པ་དང་ཉམ་ཉེས་ཆེ་བ་རྣམས་ཉུང་དུ་གཏོང་རྒྱུའི་གྲོས་འཆམ་བྱུང་ཡོད་པ་རེད། དེ་དང་འབྲེལ་ནས་འཛུགས་སྐྲུན་དང་ཁོར་ཡུག གནས་ཚུལ་མཁོ་གཏོང་གི་གློག་འཕྲིན་སོགས་མཉམ་འབྲེལ་རྒྱ་བསྐྱེད་གཏོང་རྒྱུའི་སྐོར་ལ་ཡང་གྲོས་མོལ་བྱས་ཡོད་པས། ད་ཐེངས་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་ནས་གཙོ་བོ་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ། ལོ་སྔོན་མ་བཞག་པའི་གྲོས་མཐུན་དེ་དག་གི་མཇུག་སྐྱོང་དང་ཚོང་ལས་ཀྱི་ཆེད་དུ་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད།

ཡང་བརྒྱུད་ལམ་ཁ་ཤས་ནང། རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་དོན་དེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་ཆེད་དུ་ཡིན་པ་དང། དེ་ཡང་ཧིན་བོད་ས་མཚམས་དང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས། པཱ་ཀི་སི་ཐན་དང་རྒྱ་གར་གྱི་ས་མཚམས། འབར་མ་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་དེང་སྐབས་རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། ས་མཚམས་རྩོད་རྙོག་དེ་ཞི་འཇམ་དུ་འགྲོ་ཐུབ་ན། རྒྱ་གར་གྱི་འགྲོ་གྲོན་ཆེ་ཤོས་རྣམས་ཉུང་དུ་འགྲོ་ངེས་ཡིན་པས། རྒྱ་ནག་ལྷན་དུ་ཚོང་ལས་འཕེལ་རྒྱས་བཏང་བ་དང་ཁྱད་པར་གང་ཡང་མེད་པས། རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་དོན་གཙོ་བོ་ནི་ས་མཚམས་རྩོད་རྙོག་ཞི་འགྲིག་གི་ཆེད་དུ་རེད་ཅེས་བརྗོད་ཡོད་པ་རེད།།

{jcomments on}