གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་གཏན་ཁེལ་བ།

༧རྒྱལ་བ་རིན་པོ་ཆེ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དང། སྐུ་བཅར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང། དགེ་ལུགས་སྨོན་ལམ་ཚོགས་པས་གཙོས་རང་རིགས་དད་ལྡན་ཁག གཞན་ཡང་ཕྱི་རྒྱལ་མི་སྣ་བཅས་ཀྱིས་༧གོང་ས་མཆོག་ལ་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཟླ་༡༢ ཚེས་༣༡ དང་ཕྱི་ལོ་༢༠༡༢ ཕྱི་ཟླ་༡ ཚེས་༡ དང་༢ ཉིན་ས་ཆོག ཕྱི་ཚེས་༣ དང་༤།༥ ཉིན་ཕྱེད་སྔོན་འགྲོའི་གསུང་ཆོས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་ཀྱི་གསུང་ཆོས་གནང་རྒྱུ་རེད་འདུག

ཕྱི་ཚེས་༦ ཉིན་མཆོད་གར། ཕྱི་ཚེས་༧ ཉིན་སྟ་གོན། ཕྱི་ཚེས་༨ དང་༩ ཉིན་བཀའ་དབང་དངོས་གཞི། ཕྱི་ཚེས་༡༠ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་རེད།།