ཨ་མདོ་རྔ་པ་ཁུལ་དང་ཀིརྟི་དགོན་པ་ད་ལྟ་ཛ་དྲག་ཆགས་འདུག
སྐབས་དེར་ཁྱིམ་ཚང་རེ་རེའི་ནང་དུ་མི་ག་ཚོད་ཡོད་མེད་དང་། དེ་དག་ད་ལྟ་ས་གནས་གང་དང་གང་དུ་ཡོད་མེད། སྐབས་དེར་ཡོད་པའི་མི་རྣམས་ཁྱིམ་ཚང་དེའི་ནང་མི་ཡིན་མིན་སོགས་ཞིབ་བཤེར་སྐབས་སུ་དམིགས་འབེན་གཙོ་བོར་བཟུང་འདུག་ཀྱང། གྲོང་སྡེ་དེར་མི་ཚང་ལྷག་ཡོད་པས་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་སོགས་སྡེ་བ་ཡོངས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཕྱི་ཚེས་༡༢ ཉིན་མི་མང་དང་དམག་དཔུང་གདོང་ཐུག་སྐབས་ལོ་ན་༦༠ ཡོལ་བའི་རྨོ་མོ་གཉིས་རྐྱེན་ལམ་དུ་སོང་ཡོད་པའི་གནས་ཚུལ་འདུག་ནའང་། ད་ལྟ་མིང་དང་ས་གནས་སོགས་ཞིབ་ཕྲའི་གནས་ཚུལ་རྟོགས་མ་བྱུང་བས་དོན་དངོས་ཅི་ཡིན་རྒྱུས་ལོན་བྱེད་བཞིན་ཡོད།
ཕྱི་ཚེས་༡༢ ཉིན་དེ་སྔོན་གསུམ་པའི་བཅུ་དྲུག་ཉིན་རང་ལུས་ལ་མེ་སྦར་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཨ་ཞང་བློ་བཟང་བརྩོན་འགྲུས། རང་ལོ་༤༦ ཡིན་པ་ཁོང་དང། ཕུན་ཚོགས་ལགས་ཀྱི་སྤུན་རྒན་པ་བློ་བཟང་དར་རྒྱས། རང་ལོ་༢༢ ཡིན་པ་ཁོང་གཉིས་བསྐྱར་དུ་ཕྱི་ཟླ་ ༤ ཚེས་༡༢ ཉིན་འཛིན་བཟུང་བཀག་ཉར་བྱས་འདུག་ཅིང། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང། མི་མང་གིས་གནས་ཚུལ་གོ་གསལ་ལ་རྔ་པ་རང་སྐྱོང་ཁུལ་མོའུ་རྫོང་ཁོངས་ཀྱི་བཙོན་ཁང་མི་གཅིག་སྟོང་ལྷག་ཤོང་ས་ཞིག་སྟོང་པ་བཟོས་ཡོད་པ་དང་། དེར་ཀིརྟིའི་དགོན་གྱི་གྲྭ་པ་ལོ་༡༨ ནས་ ༤༠ བར་ཚང་མ་དེར་་ཁྲིད་རྒྱུའི་འཆར་གཞི་ཡོད་འདུག རྫོང་ཐོག་གི་སྨན་ཁང་མང་པོའི་ནང་དམག་མི་བསྡད་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༡ ཟླ་༤ ཚེས་༡༣ ལ།
{jcomments on}