ཡུལ་ཤུལ་དུ་ས་ཡོམ་བརྒྱབ་ནས་ལོ་གཅིག་འཁོར་བའི་རྗེས་དྲན།
ཟླ་འདིའི་ཚེས་༡༤ ཉིན་ནི་ཁམས་ཡུལ་ཤུལ་དུ་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་པ་དང། སྐབས་འདི་དང་བསྟུན་ནས་ལོ་སྔོན་མར་གནོད་འཚེ་ཕོག་ཡུལ་གྱི་མི་མང་གི་ཆེད་དུ་བཙུགས་པའི་ངལ་སེལ་ཚོགས་ཆུང་གིས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔོ་སྨོན་ཞིག་གོ་སྒྲིག་ཞུས་ཡོད་པའི་ཐོག སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་གིས་དབུས་རྣམ་གྲྭ་མཁན་རིན་པོ་ཆེ་དང། དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་མི་མང་བཅས་འབོར་ཆེན་འཛོམས་འདུག འདི་གའི་གསར་འགོད་པས་ལོ་སྔོན་མར་བཙུགས་པའི་ངལ་སེལ་ཚོགས་ཆུང་གི་ངོས་ནས། གནོད་ཐེབས་མི་མང་གི་ཆེད་དུ་ས་གནས་མང་པོའི་ནང་ཞལ་འདེབས་བསྡུ་རུབ་སོགས་བྱས་ཡོད་པས། དེ་དག་ད་ལྟའི་སྐབས་མི་མང་གི་ལག་ཏུ་འཕྲོད་ཡོད་མེད་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་པར་ཚོགས་མི་བློ་ཚེ་ལགས་ཀྱིས་གསུངས་དོན།
ལོ་སྔོན་མ་ང་ཚོའི་ངོས་ནས་ཞལ་འདེབས་བསྡུ་རུབ་ཐུབ་བྱས་ཡོད་པ་རྣམས་ཡུལ་ཤུལ་གནོད་ཐེབས་མི་མང་ལ་འཕྲོད་ཐབས་སུ། ཚོགས་ཆུང་གི་མི་གསུམ་བོད་དུ་ཆེད་བསྐྱོད་བྱས་ཡོད་པ་དང། ཁོང་རྣམས་ཀྱིས་གནོད་ཐེབས་ས་གནས་ཁག་དང་མི་མང། དེ་འབྲེལ་གྱི་ཚོགས་པ་དང་འབྲེལ་ཡོད་རོགས་སྐྱོར་ཚོགས་པ། གཞུང་གི་ལས་ཁུངས་བཅས་སུ་ཆེད་མངག་སོང་ནས་ཞུ་གཏུགས་དང་ཞིབ་འཇུག་སོགས་བྱས་ཡོད་པ་རེད། ཞལ་འདེབས་ཀྱི་དངུལ་རྣམས་གནོད་ཐེབས་མི་མང་ལ་སྤྲད་པའི་ལས་འགུལ་དེ་ད་ལྟའང་འགྲོ་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང།
དེ་བཞིན་ཟླ་ཚེས་འདི་དང་བསྟུན་ནས་བོད་མཚོ་སྔོན་དང་ཡུལ་ཤུལ་ཁུལ་གྱི་བོད་མི་ཚོས་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱས་ཡོད་པ་རེད། དེ་བཞིན་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་ངོས་ནས་མདོ་དབུས་ཁམས་གསུམ་གྱི་གཞས་པ་གཞས་མ་གྲགས་ཅན་རྣམས་ཆེད་འབོད་ཀྱིས། མྱ་ངན་མཚོན་བྱེད་ཀྱི་མཚན་ཚོགས་ཆེན་པོ་ཞིག་ཀྱང་དུས་འདི་དང་བསྟུན་ནས་གོ་སྒྲིག་བྱས་ཡོད་པ་དང། ས་ཡོམ་གྱི་གོད་ཆག་བྱུང་ནས་ད་ལྟའི་ལོ་གཅིག་གི་ནང་དགེ་འདུན་པ་དང་ཆེད་ལས་པ་ཚོས། ཉམས་ཉེས་ནང་གི་རེ་བ་ཞེས་པ་སོགས་འོད་སྡེར་བརྙན་འཕྲིན་ཆེད་བསྒྲིགས་ཀྱིས་ཡུལ་ཤུལ་མི་མང་དང་དྭ་ཕྲུག སློབ་མ་སོགས་ཀྱི་དཀའ་ངལ་རྣམས་བརྗིད་གཞིར་འབུར་དུ་ཐོན་པ་གནང་ཡོད་པ་རེད།།
{jcomments on}