སྦེལ་ཀོབ་དབུས་ཉིན་སློབ་དབུ་བརྙིས་ནས་ལོ་ལྔ་བཅུ་འཁོར་བ།

དེ་ཡང་ཉིན་དེའི་ཞོགས་པའི་ཆུ་ཚོད་ ༡༠ པའི་ཐོག་སློབ་ཕྲུག་གི་དགའ་བསུའི་གླུ་དབྱངས་ལེན་བཞིན་མཛད་སྒོ་འགོ་འཛུགས་བྱས་ཡོད་པ་དང་། དེ་རྗེས་རིམ་གཞིན་སྐུ་མགྲོན་རྣམས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དུས་དྲན་ཐོག་སྐུ་མགྲོན་གཙོ་བོ་ནི་དབུས་ཉིན་སློབ་འཛིན་སྐྱོང་ངེས་སྟོན་པ་ shri Alok Verma ལགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། དམིགས་བསལ་སྐུ་མགྲོན་དུ་དབུས་ཉིན་སློབ་འཛིན་སྐྱོང་ལས་འཛིན་པ་སྐུ་ཞབ་རཱ་ཝད་དང་། ར་ན། ཚེ་རིང་བསམ་འགྲུབ་བཅས་ཕེབས་ཡོད་པ་རེད།

belkob school

དུས་དྲན་དེ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཙོས་པའི་སློབ་ཕྲུག་རྙིང་པ་ཁག་ཅིག་གི་གོ་སྒྲིག་མཐུན་རྐྱེན་འོག་བྱས་ཡོད་པ་དང་། སྤྱིར་བཏང་གི་མཛད་སྒོ་ཙམ་མ་ཡིན་པར་དོན་སྙིང་ལྡན་པའི་ལས་རིམ་ཞིག་ཏུ་གོ་སྒྲིག་བྱས་ཡོད་སྐོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འདི་ལྟར་འགྲེལ་བཤད་གནང་སོང་། “དེ་རིང་འགྲོ་སྟངས་ཀྱི་ཐོག་ནས་དབུ་འབྱེད་མཛད་སྒོ་འཚོགས་ཀྱི་ཡོད་པ་རེད། ཡིན་ནའང་མཛད་སྒོ་ཙམ་ཞིག་གིས་དོན་དག་ཞིག་ཐོན་ཀྱི་མེད་པ་ང་ཚོས་མཐོང་གི་ཡོད་རེད། ལྷག་པར་དུ་ལྡི་ལི་ནས་ངས་ shri Alok Verma མཇལ་བའི་སྐབས་ལ། ཁོང་གིས་ད་ཐེངས་ཁྱེད་རང་ཚོས་མཛད་སྒོ་ཞིག་འཚོགས་པ་ཡིན་ན། དོན་དང་ལྡན་པའི་ལས་གཞི་ཁ་ཤས་ཤིག་སྤེལ་དགོས་ཀྱི་འདུག་གསུང་སོང་། ང་ཚོ་ལ་ཡང་འདུན་པ་དེ་ཡོད་རེད། དེར་བརྟེན། ཉིན་གསུམ་གྱི་ལས་རིམ་ནང་འདས་པའི་མཐོང་སྣང་ཞེས་པའི་བརྗོད་གཞིའི་ཐོག་སློབ་དང་དགེ་རྒན་རེ་ནས་འདས་པའི་གནས་སྟངས་འགྲེལ་བཤད་རྒྱག་རྒྱུ་དང་། དེ་བཞིན་ད་ལྟའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་མེད་སྐོར་ལ་དགེ་རྒན་དང་སློབ་ཕྲུག་ཕ་མའི་འཐུས་མི་བཅས་ནས་བགྲོ་གླེང་བྱེད་རྒྱུ། གཞན་ཡང་ང་ཚོའི་སློབ་མ་ཟུར་པ་ཚོས་སོ་སོའི་མཉམ་མྱོང་བརྗེ་རེས་བྱེད་ཀྱི་ཡོད་པ་རེད།” ཅེས་དང་། ད་དུང་ཁོང་གིས་ཕྱི་རྒྱལ་ཁག་ནས་སློབ་མ་རྙིང་པ་ཚོར་དུས་དྲན་སྐོར་འགྲེལ་བརྗོད་བྱས་པ་དང་སློབ་གྲྭའི་དུས་དྲན་གྱི་མཐུན་རྐྱེན་ཆེད་ཧིན་སྒོར་ལྔ་འབུམ་སུམ་ཁྲིའི་ཞལ་འདེབ་བསྡུ་འབུལ་བྱས་ཡོད་པའི་འགྲེལ་བརྗོད་ཀྱང་གནང་སོང་།

དུས་དྲན་གྱི་ལས་རིམ་ཁྲོད་ངེས་སྟོན་པ་དང་དགེ་རྒན་ལས་བྱེད། སློབ་ཕྲུག་དང་ཕ་མ། བཅས་ཀྱི་དོན་སྙིང་ལྡན་པའི་བགྲོ་གླེང་བྱས་ཡོད་པ་དང་། དགེ་ལས་རྙིང་པ་རྣམས་མི་རབས་རྒན་པ་ཚོར་ཐུགས་རྗེ་ལེགས་གསོལ་གནང་། མི་སེར་རྣམས་ལ་སྤྲོ་སེམས་འཁོལ་བའི་ལྟད་མོར་ཡང་རོལ་རྒྱུའི་སྐལ་བ་བྱུང་ཡོད་པ་རེད། །
མེ་སོར་གསར་འགོད་པས།