བསྟན་དགའ་རིན་པོ་ཆེའི་བརྒྱད་ཅུའི་འཁྲུངས་སྟོན།
མཛད་སྒོ་དེ་ནི་ཕྱི་ཟླ་༤ པའི་ཚེས་༡༣ ཉིན་བལ་ཡུལ་གྱི་འཕགས་ཤིང་མཆོད་རྟེན་ཉེ་འདབས་སུ་གནས་བའི་པན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་པར་གཟབ་རྒྱས་ངང་ཚོགས་པ་དང། སྐུ་མགྲོན་གྱི་གཙོ་བོར་ཆོས་ལུགས་རིས་མེད་ཀྱི་མཁན་བླ་སྤྲུལ་སྐུ་རྣམ་པ་དང་། བཙན་བྱོལ་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་སྐུ་ཚབ། བལ་ཡུལ་སྐུ་ཚབ་དོན་གཅོད། ཀརྨ་པའི་སྐུ་ཚབ། ས་གནས་འགོ་འཛིན་སྐུ་ཚབ་སོགས་སེར་སྐྱ་མི་མང་སྟོང་ཚོ་བརྒལ་བ་འཛོམས་འདུག།
བསྟན་དགའ་བླ་བྲང་གི་ཕྱག་མཛོད་ཤེས་རབ་ནས་གསུང་དོན། སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་མཆོག་ད་ལོར་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་པས་དེ་ནི་ང་ཚོ་རྗེས་འཇུག་སློབ་མ་ཚང་མའི་སྐལ་བ་བཟང་པོར་བརྩིས་ནས། འཁྲུང་སྐར་དགའ་སྟོན་འདི་བཞིན་གོ་སྒྲིག་བྱས་བ་དང་། སྐབས་དེར་བོད་དང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་མི་རིགས་ཡོལ་མོ་དང་རྟ་མང་། ཙུན་པ། ནུབ་རི། ཤར་པ་སོགས་མི་རིགས་ཁག་འདྲ་མིན་ནས་དགའ་དད་སྤྲོ་གསུམ་ངང་གཞས་སྣ་ཞབས་བྲོ་འཁྲབ་སྟོན་བྱས་ཐོག དམིགས་བསལ་བཙུན་མ་དང་མགུར་མ་གྲགས་ཅན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་དང་ས་གནས་བལ་ཡུལ་གྱི་གླུ་གཞས་གཏོང་མཁན་ཁག་ཅིག་གིས་འཁྲབ་སྟོན་བྱས་སོང།
དགུང་གྲངས་བརྒྱད་ཅུར་ཕེབས་མ་ཐག་པ་བསྟན་དགའ་རིན་པོ་ཆེ་ནི་སྐུ་ཡི་ཕྲེང་བ་གསུམ་པ་དེ་ཡིན་པ་དང་བོད་མདོ་ཁམས་ནང་ཆེན་ཕྱོགས་སུ་སྐུ་འཁྲུངས་རྗེས། སྒ་སྐྱེ་རྒུ་མདོ་ནས་འཚར་ལོངས་བྱུང་བ་དང། ཁུལ་དེའི་པན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་པའི་བླ་ཆེན་ཁག་གསུམ་ཡོད་པའི་གཅིག་ཡིན་པར་ཕྱིས་སུ་བོད་ལ་དུས་ཟིང་བྱུང་བ་དང། རྒྱ་གར་ལ་བྲོས་བྱོལ་སྐྱབས་བཅོལ་དུ་ཕེབས་ཏེ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་གདན་ས་ནས་རྡོ་རྗེ་སློབ་དཔོན་གནང་། ཕྱིས་སུ་བལ་ཡུལ་འཕགས་ཤིང་ས་གནས་ལ་ཆིབས་བསྒྱུར་གནང་ཐོག སྐུ་ཉིད་ཀྱི་གདན་ས་པན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱིས་ད་ཆ་ལོ་ངོ་སུམ་ཅུ་ལྷག་ཕྱིན་ཡོད་པར། དགོན་པ་འདིའི་ནང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་བའི་མི་རིགས་དགེ་འདུན་པ་སོགས་མང་པོས་སློབ་གཉེར་བྱེད་བཞིན་པ་རེད། ད་དུང་ཕྱིའི་ཡུལ་གྲུ་མི་ཉུང་བར་ཆོས་ཚོགས་བཙུགས་ནས་དད་ལྡན་སྤྱིན་བདག་དང་རྗེས་འཇུག་སློབ་མ་མང་པོ་ཡོད་ཁོངས་ནས་ཁག་གཅིག་ཆེད་དུ་དགའ་སྟོན་མཛད་སྒོ་ལ་མཉམ་ཞུགས་བྱས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།
{jcomments on}