དཀའ་ངལ་གྲོས་མོལ་གྱིས་སེལ་ཐུབ་དགོས།

དེ་ཡང་ཟླ་འདིའི་ཚེས་༡༢  ཉིན་ནས་༸གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཨཱར་ལན་ཌིའིི་ནང་ཆིབས་བསྒྱུར་བསྐྱངས་ཏེ། དེར་ཡོད་ས་གནས་བོད་མི་རྣམས་ལ་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་བྱས་ཏེ། གཞོན་སྐྱེས་མི་རབས་གསར་པ་ཚོར་བོད་ཀྱི་ཐུན་མིན་ལེགས་བྱང་བཟང་པོ་དེ་དག་རྩིས་སྤྲོད་དགོས་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད།

ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཨཱར་ལན་ཌིའི་རྒྱལ་སའི་ཚོགས་ཁང་ཆེན་མོ་ཞིག་གི་ནང་། ཁྲུག་རྩོད་ནང་ཚུད་པའི་བྱིས་པའི་ཐེབས་རྩ་དང་།  ཨ་ཧྥི་རི་ཁ་དགེ་རྩ་ཚོགས་པ། སི་པན་ཨ་ཨོཊ་བཅས་ཀྱི་གོ་སྒྲིག་འོག ལོ་འདིའི་ནང་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཐོབ་སྲིད་པ་རེད་ཅེས་པའི་ཚོགས་ཆེན་དུ། ཡུལ་དེའི་སྲིད་འཛིན་ཟུར་པ་དང་གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འགན་འཛིན་ཟུར་པ་སོགས་ཀྱིས་གཙོས། མང་ཚོགས་༢༠༠༠ ཙམ་ལ་བླང་དོར་བཀའ་སློབ་བསྩལ་ཡོད་པ་རེད།

dalai lama ireland1དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། དེང་སྐབས་སྤྱི་ཚོགས་ཁྲོད་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ང་ཚོས་བཟོས་པ་ཞིག་ཡིན་པ་དང། གལ་ཏེ་ང་ཚོས་མི་ཙམ་མ་ཡིན་པར་གོ་ལའི་སྟེང་འཚོ་གནས་བྱེད་བཞིན་པའི་སྲོག་ཆགས་གཞན་ལའང་གཅེས་སྐྱོང་བྱས་ཚེ། ང་ཚོས་མི་གཞན་ལ་འཛིན་རྒྱུའི་མཛའ་བརྩེའི་བསམ་པ་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན་ལ། དུས་རབས་འདིའི་ནང་མི་གསོད་ཁྲག་སྦྱོར་དང་ཞི་བདེའི་དུས་རབས་ཇི་འདྲ་ཞིག་སྐྲུན་མིན་ནི། འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོར་རག་ལས་ཀྱི་ཡོད་པ་དང། དེར་བརྟེན་གཞོན་སྐྱེས་ཚོར་འགན་ཧ་ཆང་ཆེན་པོ་ཞིག་ཕྲག་པའི་སྟེང་དུ་བབས་ཡོད་པ་རེད། འདས་པའི་དུས་ཚོད་ནང་འཁྲུག་རྩོད་ལ་བརྟེན་ནས་མི་ས་ཡ་མང་པོ་དམར་གསོད་བཏང་ཡོད་པས། ད་ཆ་དུས་རབས་ ༢༡ འདིའི་ནང་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་བྱེད་རྒྱུ་དེ། རྒྱུ་མཚན་ལྡན་པའི་ཐབས་ལམ་ཉག་གཅིག་རེད་ཅེས་གསུངས་ཡོད་པ་རེད།

ཡང་༧གོང་ས་མཆོག་གིས་མུ་མཐུད་དེ། བདེ་སྐྱིད་ཀྱི་རྒྱུ་གཙོ་བོ་སེམས་ཞི་བདེ་བག་ཕེབས་ནི་དངུལ་གྱིས་བསྐྲུན་མི་ཐུབ།  གང་ཡིན་ཞེ་ན་དངུལ་སྒོར་ཐེར་འབུམ་མང་པོའི་བདག་པོ་འབྱོར་ལྡན་ཞི་བདེས་ཕོངས་པ་དེ་འདྲ་མང་པོ་ཡོད། ཁོང་ཚོར་དབང་ཤུགས་ཆེན་པོ་ཡོད་ནའང་སེམས་ཀྱི་གཏིང་ལ་ཧ་ཅང་སེམས་ཁྲལ་དང་དངངས་འཚབ་ཡོད། ངས་དངུལ་གྱི་སྐོར་འགྲོ་སྟངས་དེ་ཙམ་ཤེས་ཀྱི་མེད་དེ་ངའི་གྲོགས་པོ་ཚོས་བརྗོད་པར་གཞིགས་ན། ད་ཆ་འཛམ་གླིང་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཕུགས་རྒྱང་རིང་པོའི་བསམ་བློ་མེད་པར་མིག་རྒྱང་ཐུང་ངུའི་བསམ་བློ་འཛིན་པ་དང་། མིའི་འདོད་རྔམ་ལས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག དངུལ་ལ་མཐའ་གཅིག་ཏུ་སྐྱབས་བཅོལ་བ་ཡིན་ན་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་པས། བྱམས་པ་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐབས་བྱེད་དགོས་པ་དང། ཨཱར་ལན་ཌིའི་ཡུལ་འདིར་གོ་ལ་སྤྱི་མཚུངས་བཞིན་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན།  སེམས་ཤུགས་མ་ཆག་པར་མུ་མཐུད་དཀའ་ལས་རྒྱག་དགོས་ཞེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད

དེ་རྗེས་༸གོང་ས་མཆོག་ཨཱར་ལན་ཌིའི་ཀིལ་ཌེར་ཞེས་པའི་ས་ཁུལ་དུ་ཡེ་ཤུའི་བཙུན་མ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བསྐྱངས་ཏེ། ས་གནས་དེར་རྟེན་གཞི་བྱས་པའི་ཡེ་ཤུའི་ལྷ་ཁང་ཁག་གཉིས་ཀྱི་ནང་ཆིབས་སྒྱུར་བསྐྱངས་ཏེ། ཆོས་ལུགས་སོ་སོའི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་ཡོད་པ་མ་ཟད། མང་ཚོགས་ ༧༠༠ ཙམ་ལ་ཆོས་ཀྱི་བསླབ་བྱ་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།

ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་ལི་མི་རིཀ་གཙུག་ལག་སློབ་གྲྭའི་རྩེད་ཐང་ཆེན་མོའི་ནང་། མང་ཚོགས་ ༣༠༠༠ བརྒལ་བ་ཙམ་ལ་བཟོད་པའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང། དེ་དང་འབྲེལ་ནས་གཙུག་ལག་སློབ་གཉེར་ཁང་གཞན་ཞིག་གི་རྩེད་ཐང་དུ་དགེ་ལས་སློབ་མ་དང་མི་མང་རྣམས་ལ་བྱམས་པ་དང་བཟོད་སྲན་སོགས་ཀྱི་ནུས་སྟོབས་སྐོར་ལ་བཀའ་སློབ་གནང་སྐབས། ཕ་མ་དང་དགེ་རྒན་ཚོས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་ལམ་ལུགས་དང་། རང་གི་ཉིན་རེའི་སྒོ་གསུམ་གྱི་སྤྱོད་ལམ་བརྒྱུད་ཕྲུ་གུ་ཚོར་བྱམས་བརྩེའི་གོ་རྟོགས་སྤེལ་རྒྱུ་དང་། སྦྱོང་དར་སྤྲོད་དགོས་རྒྱུ་དེ་གལ་ཆེན་ཆགས་ཡོད་ཅེས་སོགས་བཀའ་སློབ་གནང་བ་དང་། དེ་དང་འབྲེལ་ནས་སློབ་མ་༣༠ ཙམ་གྱིས་དམིགས་བསལ་གོ་སྒྲིག་བྱས་པའི་བཟོད་སྒོམ་སྐོར་མཉམ་གཞས་ཤིག་གཟིགས་འབུལ་ཞུས་ཡོད་པ་རེད། ཡུ་རོབ་རྒྱལ་ཁབ་ཨཱར་ལན་ཌིའི་ནང་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་སུ་ཝི་ཌན་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།།

{jcomments on}