སྐྱེ་རྒུ་མདོའི་རྒུད་ཆག་རྗེས་དྲན་གྱི་མྱ་ངན་མཚན་ཚོགས།
ལྔ་ལམ་གྱི་བར་དོའི་ལམ་འཕྲང་ནས་སྤུན་ཟླའི་རྣམ་ཤེས་སྟོང་ཕྲག་མང་པོ་ལ་རྗེས་དྲན་གྱི་གདུང་འབོད་རེ་རེས། ངའི་མིག་མཐའ་ནས་མཆི་མའི་རྒྱ་མཚོ་བསྐྱིལ་ཏེ་རེ་ཞིག་ང་ཡང་བར་དོའི་འཕྲང་ལམ་ནས་ས་ཡོམ་གྱི་རྒུད་ཆག་འོག་ཏུ་ཚེ་སྲོག་ཤོར་བའི་བོད་མི་ཚོའི་རྣམ་ཤེས་ཕྲ་མོ་དེ་འཚོལ་དུ་སོང། གཞས་གཏོང་མཁན་ཚོས་མང་ཆེ་བས་གྱོན་ཆས་ནག་པོ་དང་སྐེ་ལ་ཕྲེང་མ་དཀར་པོ་རེ་གྱོན་འདུག་པ་དེ་ནི་མྱ་ངན་མཚོན་བྱེད་དུ་ཡིན་ཚོད་འདུག ས་ཡོམ་གྱི་རྒུད་ཆག་སྐབས་མཚོ་སྔོན་བརྙན་འཕྲིན་གྱི་གསར་འགོད་པ་ལྷ་མོ་ནི་ཐལ་རྡུལ་དང་རླུང་འཚུབ། དངངས་སྐྲག སྐྱོ་གདུང་། ངུ་འབོད་ཀྱི་ཁྲོད་ནས་དཀའ་ལས་མང་ཤོས་རྒྱག་མཁན་དེ་རེད། མཚན་ཚོགས་འདིའི་སྐབས་སུའང་ས་ཡོམ་གྱི་རྒུད་ཆག་སྐོར་བཅར་འདྲི་བྱེད་མཁན་རེད་འདུག གཞས་གཏོང་མཁན་གྱི་གྲས་ནས་སྡེ་དགེ་ནས་ཡིན་པའི་ཀུན་དགའ་རྡོ་རྗེ་ལ། སྡིང་ཆའི་སྟེང་དུ་གསར་འགོད་པས་དམིགས་བསལ་གྱི་ངོ་སྤྲོད་དང་སྦྲགས་ནས། ས་ཡོམ་གྱི་རྒུད་ཆག་སྐབས་ཁྱེད་རང་ས་ཁུལ་དེར་ཆེད་བསྐྱོད་ཀྱིས་མི་མང་ལ་ཞལ་འདེབས་ཕོན་ཆེན་དང་རྒྱབ་སྐྱོར་གནང་དོན་གང་ཡིན་ཞེས་དྲིས་པ་དང། ཀུན་དགས། དང་པོ་ང་བོད་མི་ཞིག་ཡིན་པ་དང་གཉིས་པ་བོད་པའི་གླུ་བ་ཞིག་ཡིན། དེ་ནས་བོད་མི་སྤུན་ཟླ་རྣམས་ལ་དཀའ་ངལ་འཕྲད་སྐབས་ང་ཚོས་རོགས་རམས་མ་བྱས་ན་འགྲིག་གི་མ་རེད་ལ། ང་སོང་བ་དང་རིམ་གྱིས་བོད་པའི་གླུ་བ་གླུ་མ་མང་པོ་ས་གནས་དེར་ཕེབས་ནས་རོགས་རམས་གནང་ཡོད་པ་རེད་ཅེས་གསུང་བཤད་གནང་སོང་བས། ལྟད་མོ་བ་ཚོས་དགའ་གསོའི་ཐལ་མོ་བརྡབ་ནས་རེ་ཞིག་ཚོགས་ཁང་བྲག་ཆའི་སྒྲ་ཡིས་གཡོ་འགུལ་བྱས་སོང། ངའི་བསམ་པར་ཀུན་དགའ་ལྟ་བུ་རྒྱལ་ཞེན་དང་ལ་རྒྱ་ཅན་སྒྱུ་རྩལ་བ་མང་པོ་དེ་འདྲ་ཡོད་ན། ཡིད་དང་ལུས་གཉིས་ཀའི་ཐོག་ནས་བོད་མི་ཚོར་བཟང་ཕྱོགས་ནས་ཤུགས་རྐྱེན་ཐེབས་ས་རེད་བསམ་བྱུང། ཡང་ང་ལ་གློ་བུར་དུ་བསམ་བློ་ཞིག་འཁོར་བ་ནི་འདྲེ་མོ་ཚེ་བརྟན་སྒྲོལ་མ་རེད། ཁ་སང་ཉིན་གཉིས་ཀྱི་སྔོན་དུ་རྒྱ་སྐད་ཀྱི་བརྙན་འཕྲིན་ཁང་ཞིག་གི་ནང་དུ་མཱའོ་ཀྲུ་ཞི་ཟེར་ནས་རོ་སྐད་དེ་བརྒྱབ་བྱུང་བས་ན་ཟུག་ལངས་ཡོང་གི་འདུག ད་གང་ལྟར་ཚེ་བརྟན་སྒྲོལ་མ་འདི་མགྱོགས་ཙམ་ཤི་དགོས་ཀྱི་འདུག འོ་རེད་དེ་ནས་མཚན་ཚོགས་དེའི་ནང་ལྟད་མོ་སློབ་མ་མང་པོ་དང་རྒན་འཁོགས་ལག་ཏུ་འཁོར་ལོ་འཁྱེར་མཁན་ཡང་མང་པོ་འདུག གཞས་གཏོང་མཁན་ཚོའི་དབྱངས་དང་ཚིག་ལུས་ཀྱི་རྣམ་འགྱུར་ཡོངས་རྫོགས་ཡིད་ལ་སྡུག་བསྔལ་དྲན་གསོ་བྱས་ཀྱི་འདུག་པས། དེ་ནི་མྱ་ངན་གྱི་མཚན་ཚོགས་རང་རེད་འདུག