ཨ་རི་གཞུང་གིས་རྔ་པ་ཀིརྟི་དགོན་གྱི་ཆེད་དུ་བསྒྲགས་གཏམ་སྤེལ་བ།
ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་རྒྱ་ནག་སྲིད་གཞུང་དང་ལྷན་དུ་གནས་སྟངས་དེའི་ཐད་ལ་གླེང་སློང་བྱེད་ཀྱི་ཡོད་ཅེས། ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་གཞོན་པ་སྐུ་ཞབས་མཀ་སི་ཊོ་ནར་མཆོག་གིས་གསར་འགོད་ལྷན་ཚོགས་སུ་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༥ཉིན་ཨ་རིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་མདོ་སྨད་རྔ་པ་ཁུལ་གྱི་ཀིརྟིའི་དགོན་གྱི་དགེ་འདུན་པ་ཚོ་གཙོ་བོར་གྱུར་པའི་ས་གནས་ཡུལ་མི་དང་སློབ་མ་ཚོས། རྒྱ་གཞུང་གིས་དགེ་འདུན་པ་དང་མི་མང་ལ་དམ་དྲག་དང་བཙན་གནོན་ཤུགས་ཆེན་བྱས་པར་ཞི་རྒོལ་བྱེད་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་བོད་མི་ཚོ་བཀག་ཉར་དང་རྡུང་རྡེག་བཏང་ནས་ད་ལྟའི་སྐབས་དགོན་པ་དང་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད།
དེ་དང་བསྟུན་ནས་ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་གཞོན་པ་སྐུ་ཞབས་མཀ་སི་ཊོ་ནར་མཆོག་གིས། རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་དང་ས་གནས་བོད་མི་ཚོའི་ཆེད་དུ་གསར་འགོད་ལྷན་ཚོགས་སུ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེན་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་བབ་དང་ཡོངས་སུ་རྒྱབ་འགལ་དུ་སོང་ཡོད་པས། ཨ་རིའི་སྲིད་གཞུང་གིས་གནས་སྟངས་འདིའི་ཐད་ལ་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཚད། ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་རྒྱ་ནག་སྲིད་གཞུང་ལ་གནས་སྟངས་དེའི་ཐད་ལ་གླེང་སློང་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད།
ཡང་དེའི་ནང་རྒྱ་ནག་པེ་ཅིང་གཞུང་གིས་བོད་ཀྱི་ནང་པའི་དགོན་པ་ཁག་དང་ཆོས་དད་རང་མོས་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང། ཨ་རི་གཞུང་གི་ངོས་ནས་ག་དུས་ཡིན་ཡང་གནས་སྟངས་འདིའི་རིགས་ལ་འབུར་ཐོན་དང་། དངོས་གསལ་དོད་པོའི་ཐོག་ནས་ལས་དོན་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད། དེ་བཞིན་ཨ་རིར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ལས་འགུལ་བ་སོགས་ཀྱིས། བརྒྱུད་ལམ་ཁག་དང་དྲ་གནས་སོགས་སུ་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དེ་སེལ་ཆེད་དུ། དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}