༧གོང་ས་མཆོག་གི་འབོད་སྐུལ་གསུང་འཕྲིན།

གསུང་འཕྲིན་ནང་འཁོད་དོན། རྒྱ་ནག་ས་གནས་སྲིད་གཞུང་གི་དྲག་པོའི་དམག་དཔུང་དང་ས་གནས་བོད་མིའི་དབར་གདོང་ཐུག་བྱུང་བར་བརྟེན།  བོད་བྱང་ཤར་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ད་ལྟ་ཧ་ཅང་ཚབས་ཆེན་པོ་ཞིག་ཆགས་ཡོད་པ་དང།  དགེ་འདུན་པ་ ༢༥༠༠ ཙམ་ཡོད་པའི་ཀིརྟི་དགོན་པ་དེང་སྐབས་རྒྱ་མིའི་དམག་དཔུང་གིས་མཐའ་སྐོར་ཡོད་པས། སྐབས་ཤིག་ལ་དགོན་པའི་ནང་བཟའ་ཆས་ལ་སོགས་པའི་རྒྱུན་ལྡན་ཉེར་མཁོའི་འཚོ་རྟེན་རིགས་མ་བཏང་བ་སོགས་ཀྱིས་དམ་དྲག་བྱས་ཡོད་པ་རེད། དེར་བརྟེན་ས་གནས་བོད་མི་ཚོས་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བྱེད་པར་དོགས་ཏེ། གཞུང་ལམ་དང་སྲང་ལམ་ཁག་ཏུ་ཐོན་ནས་རྒྱ་མིའི་དྲག་པོའི་དམག་མི་ཚོའི་མཐའ་སྐོར་ཏེ་དམག་མིའི་སྣུམ་འཁོར་དགོན་པའི་ཕྱི་ནང་དུ་འགྲོ་མ་བཅུག་པ་རེད།

དེ་བཞིན་རྒྱ་ནག་ས་གནས་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པར་དམ་དྲག་བྱེད་འགོ་བཙུགས་དོན་ནི། ཀིརྟི་དགོན་པའི་དགེ་འདུན་པ་གཞོན་སྐྱེས་ཤིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱས་ཏེ་ལོ་ངོ་གསུམ་ཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་ཆེད། རང་ཉིད་ཀྱི་ལུས་པོ་ཞུགས་འབུལ་བྱས་ཏེ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱེད་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་སྐབས་དེར་མེ་གསོད་རྒྱུའི་ཚབ་ཏུ་ཉེས་རྡུང་བཏང་བར་བརྟེན། ཕྱི་ཉིན་དེར་འདས་གྲོངས་སུ་གྱུར་པ་དེ་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་ཞིག་ཆགས་པ་རེད། དེར་བརྟེན་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ་ད་ལྟའི་གནས་སྟངས་དེ་བྱུང་བ་ཞིག་རེད།

ང་ལ་གནས་སྟངས་དེའི་ཐད་བློ་ཚབས་ཧ་ཅང་ཆེན་པོ་ཡོད་པས། ད་དུང་མུ་མཐུད་གནས་སྟངས་དེར་ཡར་རྒྱས་མ་ཕྱིན་ཚེ། རྔ་པ་ཁུལ་གྱི་བོད་རིགས་ཚོར་དྲག་གནོན་ཚབས་ཆེན་ཕོག་རྒྱུ་ཡིན། དེར་བརྟེན་ངས་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་རིགས་ཚོར། ས་གནས་སྲིད་གཞུང་ལ་དྲག་གནོན་བྱེད་རྒྱུར་བསྙད་འདོགས་བྱེད་སའི་ལས་རིགས་ནམ་ཡང་མ་བྱེད་རོགས་ཞེས་སྐུལ་མ་བྱེད་རྒྱུ་མ་ཟད།   རྒྱལ་སྤྱིའི་ཚོགས་པ་ཁག་དང་གཞུང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལ། རྒྱ་ནག་གཞུང་ལ་གནད་དོན་རྣམས་དྲག་གནོན་མིན་པར་ཞི་འཇམ་ཐོག་སེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་གིས་དྲག་པོའི་ཐབས་ལམ་གཙོ་བོ་ལག་བསྟར་བྱས་པ་དེས། དཀའ་ངལ་ཆེ་རུ་སོང་བ་དང་བོད་མིའི་འཁོན་འཛིན་ཆེ་རུ་ཕྱིན་ཡོད་པར་བརྟེན། ངས་རྒྱ་ནག་གི་དཔོན་རིགས་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་དཔའ་མཛངས་ལྡན་པའི་རྣམ་དཔྱོད་ཀྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས། དྲག་པོའི་ཐབས་ལམ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

{jcomments on}