རྔ་པ་ཁུལ་གྱི་མི་མང་གི་ཆེད་དུ་ཟས་བཅད་ངོ་རྒོལ།

hunger_strick_by_tyrcདེ་ཡང་ཟླ་འདིའི་ཚེས་༡༧ ནས་དྷ་ས་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་མི་གྲངས་༡༥ རེ་རེ་མོས་ཀྱིས་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་ཞིག་འགོ་འཛུགས་བྱས་ཡོད་པ་དང། དེ་དང་དུས་མཚུངས་ས་གནས་གཞོན་ནུ་ཁག་ལ་ཡང་ལས་འགུལ་གཅིག་མཚུངས་སྤེལ་དགོས་པའི་བཀོད་ཁྱབ་བཏང་བ་བཞིན་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ད་ཐེངས་ཀྱི་ལས་འགུལ་འདི་སྤེལ་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་རྔ་པ་ཀིརྟི་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང། དགོན་པ་དམག་གིས་བསྐོར་བའི་ཛ་དྲག་གི་གནས་སྟངས་འཕྲལ་མར་ཕྱིར་འཐེན་བྱས་ཏེ། དགེ་འདུན་པ་རྣམས་ལ་འགྲོ་སྡོད་རང་དབང་དང་ཆོས་ལུགས་བྱེད་སྒོ་ཁག་ངེས་པར་དུ་འཕྲལ་དུ་སླར་གསོ་བྱ་དགོས་ཞེས་བསྒྲགས་གཏམ་ནང་འཁོད་ཡོད་པ་རེད།

ཡང་བསྒྲགས་གཏམ་དེའི་ནང། རྒྱ་ནག་གི་དམག་དཔུང་དགོན་པའི་ནང་འཛུལ་སྐབས་དད་ལྡན་མང་ཚོགས་ཀྱིས་དགེ་འདུན་པ་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་དམག་བཀག་འགོག་བྱས་པས། མང་ཚོགས་ལ་རྒྱ་དམག་གིས་ཡ་ང་བའི་གཅར་རྡུང་སྣ་ཚོགས་བྱས་པ་མ་ཟད། མང་ཚོགས་ཁྲོད་རྒྱ་དམག་གིས་སྦྱོང་བརྡར་སྤྲད་པའི་ཁྱི་བཏང་ནས་མང་ཚོགས་ལ་ཧ་ཅང་ཚབས་ཆེའི་རྨས་སྐྱོན་བཏང་ཡོད་ཅིང། འདི་ལྟར་དགེ་འདུན་པ་རྣམས་ལྟོ་བཀག་དང།  མང་ཚོགས་ལ་དམག་དཔུང་དང་ཁྱིས་གནར་གཅོད་བཏང་བ་ནི། དུས་རབས་ཉེར་གཅིག་པའི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་ཀླ་ཀློའི་གཏུམ་སྤྱོད་ཆེས་སྡུག་ཤོས་དེ་ཆགས་ཡོད་ཅེས་འཁོད་ཡོད་པ་རེད།

འདི་གའི་གསར་འགོད་པས་དབུས་གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལ། དུས་ཇི་ཙམ་བར་ཟས་བཅད་ངོ་རྒོལ་འདི་བྱེད་རྒྱུ་ཡིན་པ་དང། ངོ་རྒོལ་ནང་མི་མང་འཛུལ་ཞུགས་ཀྱི་དཀའ་ངལ་ཡོད་མེད་ཅེས་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་ལ་དམ་དྲག་བྱེད་བཞིན་པ་དེ་ཕྱིར་འཐེན་མ་བྱས་བར་དུ། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཟས་བཅད་ངོ་རྒོལ་འདི་མཚམས་འཇོག་བྱེད་ཀྱི་མེད་ལ། དེ་བཞིན་ང་ཚོས་ཚོགས་སྡེ་ཁག་ལ་ངོ་རྒོལ་ནང་ཞུགས་དགོས་པའི་རེ་སྐུལ་ཞུས་པ་བཞིན། མི་གྲངས་༡༥ རེ་རེ་མོས་ཀྱིས་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད། ངོ་རྒོལ་ལ་ཞུགས་མཁན་ཚོའང་གཅིག་མཇུག་གཉིས་མཐུད་བྱེད་རྒྱུར་བང་བསྒྲིགས་ཡོད། གལ་ཏེ་རྒྱ་ནག་གིས་ཕྱིར་འཐེན་མ་བྱས་པའི་སྔོན་དུ་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་དཀའ་ངལ་འཕྲད་པ་ཡིན་ན། ང་ཚོ་གཞོན་ནུའི་ནང་ལས་ཀ་བྱེད་མཁན་ཚོ་ངོ་རྒོལ་འདིའི་ནང་ཞུགས་ནས་མཐའ་འཁྱོལ་བ་བྱེད་ཀྱི་ཡིན་ཞེས་གསུངས་བྱུང།།

{jcomments on}