འཕྲོད་བསྟེན་ཉེན་སྲུང་མཐུན་རྐྱེན་གྱི་ལག་དེབ།
ལྷག་པར་དུ་བོད་གཞུང་འཕྲོད་བསྟེན་སྨན་ཁང་གི་ཁྱབ་ཁོངས་མ་ལག་དང་བཅས་ཀྱི་འཛིན་སྐྱོང་དོ་དམ་འོག་བོད་མི་ཡོངས་ལ་འཕྲོད་བསྟེན་ལག་དེབ་གསར་བཟོའི་མཚོན་པའི་ལས་གཞི་གསར་འཛུགས་ཀྱི་ཐོག ཡོངས་ཁྱབས་གསལ་བསྒྲགས་ཀྱི་ཚོགས་འདུ་ཞིག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་སོང། སྐབས་དེར་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་སུ་འཕྲོད་བསྟེན་ལས་གཞི་གསར་འཛུགས་འདིའི་དགོས་པ་དམིགས་ཡུལ་གཙོ་བོ་གང་ཡིན་དང་། གཞན་ཡང་ལག་དེབ་ཇི་ལྟར་བཟོ་དགོས་མིན་དང་དེའི་ཁེ་ཕན་བཅས་ཀྱི་སྐོར་ལ་གསར་འགོད་པས་བཀའ་འདྲི་ཞུས་པར། ཁོང་གིས། ལག་དེབ་གཅིག་མི་ཚང་གཅིག་གམ་མི་ལྔའི་མཉམ་དུ་བཟོ་དགོས་པ་དང་། ལག་དེབ་རེར་ཧིན་སྒོར་༣༥༦༥ རེད། གལ་སྲིད་མི་ཚང་གཅིག་ལ་ནང་མི་ལྔ་ལས་མང་ཡོད་ན་མི་རེའི་ཧིན་སྒོར་༧༡༣ སྣོན་དགོས་པ་དང་། མི་ཚང་གཅིག་ལ་ནང་མི་གཉིས་ལས་མེད་ཀྱང་ལག་དེབ་དེར་ཧིན་སྒོར་༣༥༦༥ སྤྲོད་དགོས་ཀྱི་ཡོད་པ་རེད། ལག་དེབ་དེའི་ནང་ཧིན་སྒོར་འབུམ་གཅིག་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཚབ་ཆེན་ཛ་དྲག་གི་ན་ཚ་བྱུང་ན་མ་གཏོགས་ནམ་རྒྱུན་གྱི་ན་ཚ་ཆུང་ཚག་གི་རིགས་ལ་ལག་དེབ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་རེད་ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་ནས་གསུང་དོན། ལོ་འདིའི་ཕྱི་ཟླ་༡༠ པའི་ཚེས་༡ ནས་ལས་གཞི་འདི་དངོས་སུ་མང་ཚོགས་ནང་ལག་ལེན་བསྟར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་ནས་བཟུང་བོད་གཞུང་འཕྲོད་བསྟེན་སྨན་ཁང་གི་ཁྱབ་ཁོངས་སྨན་ཁང་ཆེ་ཁག་ཚང་མའི་ནང་གཉིས་མོས་ཀྱི་གྲོས་ཆོད་འཇོག་རྒྱུ་དང་། དེ་བཞིན་མང་ཚོགས་ཀྱི་ནང་དུ་དེ་རིང་ནང་བཞིན་སློབ་གསོ་ལམ་སྟོན་བྱེད་རྒྱུ། གཞན་ཡང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་རྒྱུ་སོགས་ཀྱི་ལས་གཞི་འགྲོ་དང་འགྲོ་བཞིན་ཡོད་པ་རེད། འདི་ལྟར་འཕྲོད་བསྟེན་ལས་གཞི་གསར་འཛུགས་བྱེད་པའི་དགོས་པ་དམིགས་ཡུལ་གཙོ་བོ་དེ་ཡང་། བོད་མི་ཡོངས་ཀྱི་ཛ་དྲག་གི་ན་ཚ་དང་དེའི་སྨན་ཡོན་སོགས་དཔལ་འབྱོར་གྱི་མཐུན་རྐྱེན་མ་འདང་བའི་དཀའ་ངལ་བྱུང་བའི་སྐབས། ཉེན་སྲུང་མཐུན་རྐྱེན་དུས་ཐོག་ཏུ་སྦྱར་ཐུབ་རྒྱུའི་ཆེད་དང་། ལྷག་པར་དེ་བརྒྱུད་ནས་ཐུན་མོང་གི་སྒྲིག་འཛུགས་དེ་ལ་ཐུན་མོང་གི་ཐོག་ནས་ཁེ་ཕན་ཡོད་པ་ཚང་མའི་ཡིད་ཆེས་བྱེད་ཀྱི་ཡོད་པས། མཐར་ཐུག་གི་ང་རང་ཚོའི་མི་རིགས་ཀྱི་རྩ་དོན་དང་ཆིག་སྒྲིལ་གྱི་ནུས་པ་བརྟན་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་།
མོན་གྷོ་གསར་འགོད་པས།
{jcomments on}