གྲོས་མོལ་ཆེད་འབྲུག་གི་སྲིད་བློན་བལ་ཡུལ་ལ་འབྱོར་བ།
དེ་ཡང་སྲིད་བློན་འཇིག་མེད་འཕྲིན་ལས་མཆོག་གིས་སྣེ་ཁྲིད་པའི་མཐོ་རིམ་འཐུས་ཚབ་ཚོགས་པ་ཕྱི་ཚེས་ ༡༥ ཉིན་བལ་ཡུལ་ལ་འབྱོར་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༠༣ ལོ་ནས་བལ་ཡུལ་རྒྱལ་ནང་གི་འབྲུག་པ་སྐྱབས་བཅོལ་བའི་གནད་དོན་ཐག་གཅོད་ཐད་གྲོས་མོལ་མཚམས་ཆད་ཡོད་པ་དང་། ད་ལྟ་བསྐྱར་དུ་འབྲུག་གཞུང་ཕྱོགས་ནས་མོས་མཐུན་གྱིས་གྲོས་མོལ་སླར་གསོ་བྱེད་ཆེད་དུ་ཡིན་པ་དང་། ཕྱོགས་གཉིས་ནས་བལ་པོའི་མི་རིགས་ཡིན་པའི་འབྲུག་པའི་མི་སེར་སྐྱབས་བཅོལ་བའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་སྲིད་བློན་རྣམ་གཉིས་མཇལ་འཕྲད་རྗེས་གསར་ལམ་ཁག་ལ་གསུངས་ཡོད་པ་རེད།
འོན་ཀྱང་བལ་ཡུལ་གྱི་སྲིད་བློན་ཕྱི་འབྲེལ་སློབ་སྟོན་པ་ Tuladhar ཡིས། དེའི་ཐད་འབྲུག་གི་སྲིད་བློན་ནས་མཐུན་ཕྱོགས་ཀྱི་རྣམ་འགྱུར་དང་མཉམ། མོས་མཐུན་བྱས་ཡོད་ཀྱང་དོན་དངོས་གྲོས་མོལ་ག་དུས་གནང་མིན་གྱི་དུས་ཚོད་ད་དུང་གསལ་པོ་མེད་པ་རེད་ཅེས་བརྗོད་འདུག
འབྲུག་པའི་སྐྱབས་བཅོལ་བ་དེ་དག་ནི་མི་རིགས་བལ་པོ་ཡིན་པ་དང་བལ་བོའི་སྐད་བེད་སྤྱོད་བྱས་ནས་ཡུན་རིང་འབྲུག་རྒྱལ་ནང་དུ་གནས་སྡོད་འཚོ་གནས་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་དགུ་ཅུ་གོ་གྲངས་ནང་འབྲུག་རྒྱལ་གཞུང་གིས་འབྲུག་ཡུལ་ནང་གི་སྤྱི་འབངས་ཚང་མས་འབྲུག་པའི་སྲོལ་རྒྱུན་ཆས་གོས་གྱོན་དགོས་པ་དང་། འབྲུག་གི་རྫོང་ཁ་སྐད་ཡིག་བེད་སྤྱོད་བྱེད་དགོས་པ་གཏན་འབེབས་ལག་བསྟར་བྱས་པ་དང་མཉམ། བལ་པོའི་སྐད་དང་ཡི་གེ་བེད་སྤྱོད་བྱ་རྒྱུ་དང་བྱེད་མཁན་བཅས་བའི་ཐོག་དམ་དྲག་ནན་མོའི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། འབྲུག་པའི་མི་སེར་ཡིན་པ་མི་གྲངས་འབུམ་གཅིག་ལྷག་རིམ་པས་བལ་ཡུལ་རྒྱལ་ནང་དུ་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་ཡོད་པ་རེད། ཁོང་ཚོ་འབྲུག་གཞུང་གིས་འབྲུག་ཡུལ་ནང་ཁྲིམས་འགལ་ཐོག་གནས་སྡོད་བྱེད་མཁན་བལ་ཡུལ་གྱི་མི་སེར་ཡིན་པའི་སྐྱོན་བརྗོད་བྱེད་པ་དང་སྐྱབས་བཅོལ་བ་ཚོས་ཁོང་ཚོ་འབྲུག་པའི་མི་སེར་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། རྗེས་སུ་གནད་དོན་ཇེ་ཆེར་སོང་བ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་ཀྱི་སྒྲིག་འཛུགས་འོག་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་དུ་སྐྱབས་བཅོལ་བའི་སྡོད་སྒར་བཙུགས་ནས། སྐྱབས་བཅོལ་བའི་གནས་སྟངས་འོག་མི་ལོ་བཅུ་དྲུག་ལྷག་སོང་ཡོད་ཀྱང། དེའི་རིང་ཁོང་ཚོའི་གནད་དོན་ཐད་རིམ་པས་བལ་ཡུལ་དང་འབྲུག་བཅས་ཡུལ་གྲུ་བར་གྲོས་མོལ་ཐེངས་བཅོ་ལྔ་ལྷག་བྱས་ཀྱང་ཕན་འབྲས་གང་ཡང་མ་བྱུང་ཐོག ཕྱི་ལོ་༢༠༠༣ལོར་འབྲུག་གཞུང་གི་མཐོ་རིམ་ལས་བྱེད་ཞིག་ལ་སྐྱབས་བཅོལ་བ་ཚོས་གཅར་རྡུང་བྱེད་ཐབས་བྱས་པར་བརྟེན། དེ་ནས་བཟུང་འབྲུག་གཞུང་ཕྱོགས་ནས་སྐྱབས་བཅོལ་བའི་གནད་དོན་ཐད་གྲོས་མོལ་བྱེད་མཚམས་བཞག་ཡོད་པ་རེད། རྗེས་སུ་ཁོང་ཚོའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་བརྒྱུད་ཕྱིའི་རྒྱལ་ཁབ་ཁག་གིས་དོ་སྣང་བྱས་ཏེ། ཉེ་བའི་ཆར་སྐྱབས་བཅོལ་བ་མི་གྲངས་ཁྲི་བཞི་ལྷག་ཨ་མི་རི་ཀ་དང་། དབྱིན་ཡུལ། ཁ་ནཱ་ཀྲ་སོགས་རྒྱལ་ཁབ་ཁག་འདྲ་མིན་བརྒྱད་ཙམ་ནང་སྐྱབས་བཅོལ་གནས་སྤོར་ལ་སོང་ཡོད་པ་དང་། ད་དུང་མུ་མཐུད་སྐྱབས་བཅོལ་བའི་སྡོད་སྒར་ཁག་ན་མི་གྲངས་ཁྲི་ཁ་ཤས་ཡོད་ཁོངས་ནས་ཁག་གཅིག་གིས་རྒྱལ་ཁབ་གསུམ་པ་ལ་སྐྱབས་བཅོལ་གནས་སྤོར་བྱེད་འདོད་མེད་པར། མུ་མཐུད་འཐབ་རྩོད་གྱིས་འབྲུག་ལ་ལོག་འདོད་བྱེད་བཞིན་པ་རེད་འདུག།
དེ་བཞིན་ད་དུང་འབྲུག་གི་སྲིད་བློན་འཇིག་མེད་འཕྲིན་ལས་མཆོག་གིས་ད་ཐེངས་བལ་ཡུལ་དུ་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་དོན་སྐོར་དང་། འབྲུག་གི་རྒྱལ་སར་བལ་ཡུལ་རྒྱབ་ཁབ་གཞུང་ཚབ་ཁང་འཛུགས་ཕྱོགས་སོགས་གནད་དོན་འདྲ་མིན་ཐད་གོ་བསྡུར་བྱུང་ཐོག ཞོར་ལ་མཆོད་རྟེན་ཉེ་འགྲམ་དུ་ཡོད་པའི་ཞེ་ཆེན་དགོན་པར་ཕེབས་ནས་ཞེ་ཆེན་རབས་འབྱམས་རིན་པོ་ཆེར་མཇལ་བ་དང་། མཆོད་རྟེན་འཕགས་ཤིང་ཉེ་འགྲམ་གྱི་འབྲུག་གི་དགོན་པར་ཡང་ཕེབས་ཡོད།།
བལ་ཡུལ་གསར་འགོད་པས།