སྐྱེ་རྒུ་མདོའི་ལོ་མཆོད་དང་འབྲེལ་བའི་ཆོས་ཕྱོགས་བྱེད་སྒོ།

དེ་ནི་བལ་ཡུལ་དུ་ཡོད་པའི་ཁམས་སྒ་བ་སྐྱིད་སྡུག་ཚོགས་པས་གོ་སྒྲིག་བྱས་པ་དང་། བལ་ཡུལ་མཆོད་འབྱོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་ཉིན་གྲངས་ལྔའི་རིང་མཆོད་འབུལ་དང་མཉམ་དུ་མ་ཎི་གསོག་སྒྲུབ་དང་བསྔོ་བ་སྨོན་ལམ་ཚོགས་ཡོད་པ་རེད།
ཡང་བལ་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་ཆེད་བཙུགས་ཡུལ་ཤུལ་བདེ་རྩ་མཐུན་ཚོགས་ཞེས་པའི་གོ་སྒྲིག་འོག་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མདུན་དུ་ཉིན་གྲངས་ལྔའི་རིང་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་གི་གསུང་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཁག་སོ་སོར་འཚོགས་ནས་སྐྱེ་རྒུ་མདོར་རང་བྱུང་གོད་ཆགས་ཚབས་ཆེན་བྱུང་བའི་ལོ་མཆོད་དང་གནོད་ཐེབས་ས་ཁུལ་གྱི་འདས་གསོན་རྣམས་ཀྱི་ཆེད་དུ་ཡིན་པ་ཡུལ་ཤུལ་བདེ་རྩ་ཚོགས་པའི་འབྲེལ་ཡོད་ལས་བྱེད་ཚུལ་ཁྲིམས་དང་སྒ་བ་སྐྱིད་སྡུག་ཚོགས་པའི་ཚོགས་མི་ཕུར་བུ་སྒྲོལ་མ་གཉིས་ནས་འགྲེལ་བརྗོད་བྱས་སོང་།

ད་དུང་ཁོང་ཚོས་མི་ལོ་གཅིག་ཟིན་པའི་ད་ལྟའི་ཆར་ཡང་གནོད་ཐེབས་ས་ཁུལ་ཀྱི་ས་གནས་ཡུལ་མི་ཚོའི་ཉིན་རེའི་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་དཀའ་ངལ་ཆེན་པོ་ཡོད་ཐོག རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་ཀྱི་གནས་སྟངས་ལ་བསམ་ཤེས་མ་བྱས་པར། ཡུལ་མིའི་ས་ཞིང་དང་ས་ཁང་གཞུང་བཞེས་བྱེད་པ་དང། རོགས་སྐྱོར་དྲང་བདེན་མེད་པ་བྱེད་བཞིན་པའི་རྒྱ་ནག་གི་བྱ་སྤྱོད་དག་མྱུར་དུ་མཚམས་འཇོག་བྱེད་རོགས་ཞུ་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད་ཅེས་བརྗོད་སོང་།

བལ་ཡུལ་གསར་འགོད་པས།