བོད་མི་ཚོའི་ཟས་བཅད་ངོ་རྒོལ་ལ་རྒྱབ་སྐྱོར་ཡོད།
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་ཧིན་རྡུའི་རྒྱལ་གཅེས་རིང་ལུགས་ཚོགས་པའི་ (RSS) ཡན་ལགས་ལས་ཁུངས་ཀྱི་འཐུས་མི་ཁག་ཅིག་ཆེད་ཕེབས་ཀྱིས། དྷ་སར་དབུས་གཞོན་ནུའི་གོ་སྒྲིག་འོག་ཟླ་འདིའི་ཚེས་༡༧ ནས་འགོ་འཛུགས་བྱས་པའི་ཟས་བཅད་ངོ་རྒོལ་བ་ཚོར་གཟིགས་ཞིབ་གནང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། སྐབས་དེར་སྐུ་ཞབས་ཨིན་རྡར་ཇི་ཌི་ཀུའུ་མར་མཆོག་གིས། བོད་རྔ་པ་ཀིརྟི་དགོན་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ནས། དགེ་འདུན་པ་རྣམས་དགོན་པའི་ཕྱི་རོལ་དུ་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀག་བཏང་བ་དང། ས་གནས་ཡུལ་མི་ཚོར་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་ང་ཚོ་ཚོགས་པའི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། དེ་བཞིན་འདིར་ཟས་བཅད་ངོ་རྒོལ་ལ་ཞུགས་བཞིན་པའི་བོད་མི་ཚོའི་ལས་འགུལ་དང་། ལས་འགུལ་གོ་སྒྲིག་བྱེད་མཁན་ཚང་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོ་ག་དུས་ཡིན་ཡང་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་ན་ནུས་པ་ཐོན་ངེས་ཡིན་པས། མ་འོངས་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསུངས་སོང།
དེ་རྗེས་དབུས་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། དེ་རིང་རྒྱ་གར་གྱི་རྒྱལ་གཅེས་རིང་ལུགས་ཚོགས་པའི་ཡན་ལགས་ལས་ཁུངས་ཀྱི་འཐུས་མི་རྣམས་བོད་མིས་ཟས་བཅད་ངོ་རྒོལ་གནང་སར་ཆེད་ཕེབས་གནང་དོན་ནི། བོད་རྔ་པ་ཀིརྟི་དགོན་དུ་བོད་མི་ཚོར་རྒྱབ་སྐྱོར་གྱི་ཆེད་དུ་ཕེབས་ཡོད་པ་དང། ཁོང་རྣམ་ང་ཚོའི་ལས་ཁུངས་སུ་གདན་འདྲེན་ཞུས་ཏེ། བོད་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དེ་ལྷིང་འཇགས་ཡོང་ཆེད་དུ། རྒྱ་གར་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང། དེ་བཞིན་རྒྱལ་ས་ལྡི་ལིར་ཡོད་པའི་འཛམ་གླིང་གི་གཞུང་ཚབ་ཁག་ལ་ཞུས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་བརྒྱུད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་འབོད་སྐུལ་བྱེད་ཡོད་ཅེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་ནས། ང་ཚོ་བོད་མི་ཚོ་ནམ་ཡང་སེམས་ཤུགས་ཆགས་མེད། གང་ཡིན་ཞེ་ན་ང་ཚོའི་རྒྱབ་རྟེན་བོད་ནང་གི་བོད་མི་དཔའ་བོ་དཔའ་མོ་རྣམས་ཡོད་པ་དང། ཁོང་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ནི་ནམ་ཡང་འགྱུར་བ་མེད་པ་ཞིག་ཡིན་པ། རྒྱ་ནག་གཞུང་གི་མེ་མདའི་སོ་ཁ་ནས་ངོ་རྒོལ་རིམ་པ་བྱས་ཡོད་པ་དང། དམིགས་བསལ་གྱིས་༢༠༠༨ ལོར་བོད་ནང་གི་ན་གཞོན་ཚོས་འགན་གཙོ་བོར་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་རེད། གནས་ཚུལ་དེ་དག་གཞིར་བཞག་པའི་ཐོག་ནས། རྒྱ་གར་ཧིན་རྡུའི་རྒྱལ་གཅེས་རིང་ལུགས་ཚོགས་པས། བོད་པའི་འཐབ་རྩོད་དང་བོད་རང་བཙན་གྱི་ལས་འགུལ་ཁག་ལ་ངེས་པར་དུ་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་ཡོད་ཅེས་གསུངས་སོང།
རྒྱ་གར་ཧིན་རྡུའི་རྒྱལ་གཅེས་རིང་ལུགས་ཚོགས་པའི་འཐུས་མི་ཚོས། མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་འཆར་ཡོད་པའི་མཚན་རྟགས་བསྡུ་རུབ་ཏུ་མཚན་རྟགས་བཀོད་ནས་ཞལ་འདེབས་གནང་སོང་ལ། དེར་ལས་ཀ་བྱེད་མཁན་ཚོར་ཁ་མངར་གྱི་རྟེན་འབྲེལ་མཚོན་ཆེད་དུ་ལ་རྡུ་སྤྲད་པ་སོགས། བོད་དོན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཀྱང་ལྷན་དུ་ཕེབས་འདུག །
{jcomments on}