ཁྱེད་ཚོ་རྩ་མེད་བཟོ་རྒྱུའི་དབང་ཆ་ཡོད་ཟེར།

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བློ་བཟང་ཡེ་ཤེས་དང། ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་འགྲེམ་སྤེལ་བྱས་པའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༠ ཉིན་འབྱོར་བའི་བོད་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག ཟླ་འདིའི་ཚེས་ ༢༠ ཉིན་ཀིརྟིའི་དགོན་པའི་ནང་སྔར་བཞིན་ཝུན་ཁྲན་རྫོང་དང་མོང་འན་རྫོང་། སྐ་ཁོག་རྫོང་། མཛོད་དགེ་རྫོང་། འབར་ཁམས་རྫོང་། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་ལས་བྱེད་པ་བརྒྱད་བརྒྱ་ལྷག་སླེབས་ནས། སྔ་དྲོ་དགེ་འདུན་པ་རྣམས་འདུ་ཁང་གི་རྡོ་གཅལ་འོག་ཏུ་འཚོགས་བཅུག་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་འཆར་ཅན་ལྟར་སྤེལ་བ་དང་། ཕྱི་དྲོ་གྲྭ་ཤག་རེ་རེ་བཞིན་ལས་བྱེད་པ་དང་དྲག་ཆས་དམག་མི། ཉེན་རྟོག་མི་སྣ་བཅས་བཅུ་སྐོར་རེ་མཉམ་དུ་ཉུལ་ནས་གྲྭ་པ་རྣམས་ལ་དྲི་བ་དྲིས་པ་དང་། བསམ་ཚུལ་ཤོད་འཇུག་པ་སོགས་བྱས་ཏེ་གཞུང་གི་འདོད་བློ་དང་མི་མཐུན་པ་བཤད་སྐབས་གཅར་རྡུང་དང་བརྙས་བཅོས་ཚད་མེད་བྱེད་བཞིན་ཡོད་འདུག ར་སྐོར་དུ་ཤིང་སྡོང་རེ་ཡོད་པ་དེའི་ངོས་སུ་བསྡམས་ནས་ཡུན་རིང་འཇོག་པ། ནང་ལོགས་ཡོངས་རྫོགས་སྔོག་བཤེར་བྱས་པ་མ་ཟད། སྒྲ་ལེན་འཕྲུལ་ཆས་སྦས་སྐུང་བྱས་ནས་བཞག་པ་དངོས་སུ་མཐོང་མཁན་ཡང་བྱུང་ཡོད་འདུག སློབ་གསོ་ཟེར་བའི་ལས་འགུལ་སྐབས་རྒྱ་གཞུང་གི་མི་སྣས་བཤད་པའི་སྐད་ཆ་དེ་ཚོ་ཕྱི་ཕྱོགས་སུ་བཤད་རྒྱུ་ཕར་ཞོག རང་གི་ཕ་མ་ལའང་གཏན་ནས་བཤད་མི་ཆོག་པའི་བཀའ་འབེབས་བྱས་ཡོད་པ་དང། སྐད་ཆ་གོ་དགོས་མཁན་ཁྱེད་ཚོ་ཡིན་པ་ལས་གཞན་མ་ཡིན་ཚུལ་ཡང་བརྗོད་ཡོད་པ་རེད།

ཟླ་འདིའི་ཚེས་ ༡༩ ཉིན་རྒྱལ་གཅེས་ཆོས་ཀྱི་སློབ་གསོ་སྤེལ་མཁན་རྒྱ་གཞུང་གི་དཔོན་པོ་དེས་གྲྭ་པ་ཚོ་ལ་ཁྱེད་ཚོས་འགྲོ་ཤེས་འདུག་ཤེས་མ་བྱས་ཚེ། སྐར་མ་གཅིག་གི་རིང་ཁྱེད་ཚོ་རྩ་མེད་བཟོ་རྒྱུའི་དབང་དང་སྟོབས་ང་ལ་ཡོད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་བྱས་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་ཀིརྟིའི་དགོན་མཐའི་འཁོར་ཁང་ཁ་ཤས་ཀྱི་སྒོ་ཕྱེས་ནས་མི་མང་ལ་སྐོར་བ་བྱེད་ས་ཡོད་པའི་རྣམ་འགྱུར་བསྟན་ཀྱང་། མི་མང་ཡོང་མཁན་མ་རག་སྟབས་མི་རེར་རྒྱ་སྒོར་ ༣༠ རེ་སྤྲད་དེ་འཁོར་ལོ་སྐོར་བཅུག་པ་དང་། དྲག་རྩུབ་ཀྱིས་འཁོར་ལོ་སྐོར་བཅུག་པ་སོགས་བྱས་ནས་པར་དང་བརྙན་པར་བླངས་ཡོད་འདུག

ཕྱི་ཚེས་ ༡༧ ཙམ་ནས་རྔ་པའི་འབྲོག་ཕྱོགས་ཀྱི་རྨེའུ་རུ་མ་དང་གཅའ་རུ་བ། ཕྱུགས་ལས་གོང་འོག རྭ་རུ་བ། ནག་ཚང་མ་སོགས་ཀྱི་རི་གྲོང་ཚང་མར་དམག་མི་མང་པོ་སླེབས་ཡོད་པ་དང་།  འབྲོག་པ་རྣམས་ཀྱི་རུ་བ་གར་ཡོད་སར་སོང་ནས་ཡི་གེ་ཞིག་ལ་ཞི་དྲག་སྣ་ཚོགས་ཀྱིས་མཛུབ་ཐེལ་རྒྱག་འཇུག་གི་ཡོད་པ་ལས་ཡི་གེའི་ནང་དོན་ཅི་ཞིག་ཡིན་མིན་གསལ་བཤད་དང་ཤེས་རྟོགས་བྱེད་འཇུག་གི་མེད་འདུག

ཉིན་ཤས་སྔོན་རྨེའུ་རུ་མའི་རུ་ཆེན་བཞི་པའི་ཕ་ཨ་དགའ་དང་མ་རིག་ལི་གཉིས་ཀྱི་བུ་ཀིརྟིའི་དགོན་གྱི་གྲྭ་ཚེ་རིང་། རང་ལོ་ ༢༤ ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོང་གི་མེད།

ཕྱི་ཚེས་ ༡༩ ཉིན་དགོན་པའི་གླིང་ཡོངས་ལ་པར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་མང་པོ་བཞག་ནས། གྲྭ་པ་རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་རྒྱ་དཔོན་ཚོའི་ལག་མཐིལ་དུ་བླངས་ཡོད་འདུག

གསུམ་པའི་བཅུ་དྲུག་གི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་པ་རྣམས། རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་ལས་གཞན་དུ་ཁྱེར་ཡོད་ཚུལ་རེ་གོ་ཐོས་འདུག་ཀྱང་། གསལ་པོ་ཤེས་རྟོགས་ཡོང་གི་མེད་འདུག དེ་སྔོན་འཛིན་བཟུང་བཀག་ཉར་བྱས་པ་ཁག་ཅིག་གློད་གྲོལ་བཏང་ཡོད་ཀྱང་བདུན་ཕྲག་གཉིས་རེ་སོང་མཚམས། ད་དུང་རང་མགོ་མི་ཐོན་པའི་གནས་སྟངས་ཡོད་མུས་ཡིན་པ་སོགས་བཀག་ཉར་བྱས་པ་རྣམས་གཅར་རྡུང་མནར་གཅོད་ཀྱི་གོ་རིམ་སྐྱི་གཡའ་བ་མང་པོ་བརྒྱུད་དགོས་ཀྱི་ཡོད་དེ། གློག་ཤུགས་ཆེ་བའི་ཐབ་ཀའི་མེ་འོད་ལ་དུས་ཚོད་མང་པོར་བཀྱིགས་ནས་འཇོག་པ་དང་། རྐང་ལག་ཚང་མ་ལྕགས་ཀྱི་ཀ་བའི་ངོས་སུ་ཐག་པས་བསྡམས་ནས་ལུས་ལ་གློག་གིས་གཞུས་པ་གཉིས་ཀྱི་མནར་གཅོད་གཏོང་སྟངས་དེས་གསོན་པོར་བགས་པ་བཤུས་པ་ལྟ་བུའི་མནར་གཅོད་མང་པོས་ཉིན་རེར་ཐེངས་འགར་དྲན་པ་འཐོར་བཅུག་པ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་འདུག་ཅེས་གནས་ཚུལ་མཁོ་གཏོང་བས་འགྲེམས་སྤེལ་བྱས་འདུག །

{jcomments on}