རྔ་པའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ངོ་རྒོལ།
ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག མོན་གྷོ་ས་གནས་གཞོན་ནུའི་ཚོགས་མི་ཡོངས་བསྡུ་བསྐོང་གིས་ཚོགས་འདུ་ཞིག་ས་གནས་གཞོན་ལྷན་ཚོགས་ཁང་དུ་འཚོགས་པ་དང། དེའི་སྐོར་ས་གཞོན་ཚོགས་གཙོ་གྲགས་པ་བསམ་གྲུབ་དང་ཚོགས་གཞོན་པདྨ་ཚེ་རིང་གཉིས་ནས་རིམ་པའི་འདི་ལྟར་འཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༣ ཚེས་༡༦ ནས་བཟུང་རྒྱ་གཞུང་གིས་བོད་ནང་རྔ་བ་ཀིརྟི་དགོན་པར་ཚད་ལས་བརྒལ་བའི་མནར་གཅོད་དང་དྲག་གནོན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་གྲྭ་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འོག་འཛིན་བཟུང་བཀག་ཉར་གྱི་མཚོན་པའི་བསམ་སྤྱོད་ལས་འདས་པའི་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀོད་ཁྱབ་བཞིན་འཛམ་གླིང་ས་གནས་གང་སར་གཞོན་ལྷན་གྱིས་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་།
ང་ཚོས་ཀྱང་བོད་ནང་གི་རྔ་བ་ཀིརྟི་དགོན་པ་ནས་རྒྱ་གཞུང་གིས་དམ་དྲག་འཕྲལ་དུ་མཚམས་འཇོག་དང་དམར་དམག་ཕྱིར་འཐེན་མ་བྱས་བར་དུ་ལས་འགུལ་སྤེལ་གྱི་ཡིན་ཞེས་གསལ་བསྒྲགས་གནང་བ་བཞིན། ཟླ་འདིའི་ཚེས་༢༠ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པའི་ཐོག་འགོ་འཛུགས་ཀྱིས་བོད་མདོ་སྨད་རྔ་པ་ཁུལ་ཀིརྟི་དགོན་དུ་རྒྱ་དམག་གིས་བཙན་ཤེད་དྲག་རྩུབ་བཟོད་པར་དཀའ་བའི་བྱ་སྤྱོད་ངན་པ་རྣམས་འཕྲལ་དུ་མཚམས་འཇོག་དང། དགེ་འདུན་པ་རྣམས་འགྲོ་སྡོད་ཀྱི་རང་དབང་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སླར་གསོ་མ་བྱུང་བར་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བརྗོད་སོང།
དེ་ཡང་ལས་འགུལ་འདིའི་ཐོག་མོན་གྷོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་འཛོམས་དོན་ཚང་མས་མཁྱེན་གསལ་ལྟར་རེད། བོད་ནང་རྔ་པ་ཀིརྟི་དགོན་པའི་ནང་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་དྲག་གནོན་ཚབས་ཆེན་བྱེད་བཞིན་པ་དེ་ཕྱིར་འཐེན་དང་མཚམས་འཇོག་བྱེད་དགོས་པར་རྒྱ་གཞུང་ལ་ངོ་རྒོལ་དང་། ཀིརྟི་དགོན་པའི་གྲྭ་པ་དང་དེ་བཞིན་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ང་ཚོས་ལས་འགུལ་འདི་སྤེལ་གྱི་ཡོད་པ་རེད། བོད་ནང་༢༠༠༨ ལོར་རྒྱ་ཁྱབ་ཀྱི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་བ་ནས་བཟུང་གནས་སྟངས་ཉིན་རེ་ནས་ཉིན་རེ་ཧ་ཅང་ཛ་དྲག་ཆགས་ཀྱི་ཡོད་པ་གསལ་པོ་རེད།
དེ་ཡང་བོད་ནང་དུ་རྒྱ་གཞུང་གིས་གདུག་རྩུབ་དང་དྲག་གནོན་དེ་འདྲའི་ཤུགས་ཆེན་པོ་གཏོང་གི་ཡོད་རེད་དེ། བོད་ནང་གི་མི་མང་ཡོངས་དང་ལྷག་པར་དུ་ན་གཞོན་དང་སེར་མ་བ་ཚོའི་སེམས་གཏིང་གི་མངོན་འདོད་དེ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞུམ་པ་མེད་པའི་ཐོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པ་གསལ་པོོ་ཆགས་ཀྱི་ཡོད་པ་རེད། དེ་ཙམ་མ་རེད། དེ་བཞིན་དེང་སང་བོད་ནང་གི་བོད་མི་ཚོས་སྦྱར་ཡིག་ཅིག་ཡིན་ནའང་སོ་སོའི་མང་བཏོན་ནས་སྦྱར་འགྲེམས་བྱེད་ཀྱི་ཡོད་པ་རེད། དེར་རྒྱ་གཞུང་གིས་སོ་སོ་ཙམ་མ་ཟད་ནང་མི་དང་བཅས་པར་ཚད་ལས་བརྒལ་བའི་ཉེས་རྡུང་བཅོམ་གསུམ་བྱེད་ཀྱི་ཡོད་པ་གསལ་པོ་རེད།
ཡིན་ནའང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞུམ་པ་མེད་པར་ཆོད་སེམས་བརྟན་པོའི་ཐོག་ནས་ཕྱག་ལས་གནང་གི་ཡོད་པ་དེར། ཤིན་ཏུ་ནས་རྨད་དུ་བྱུང་བ་དང་བསྔགས་པར་འོས་པ་ཞིག་རེད། དེར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཀྱང་ཁ་ཚ་དགོས་གཏུག་གི་གང་ཐུབ་པའི་ལས་འགུལ་མུ་མཐུད་ནས་སྤེལ་དགོས་པ་རེད་དྲན་གྱི་ཡོད། དེ་རིང་ཡང་ས་གནས་གཞོན་ལྷན་གྱིས་དབུ་འཁྲིད་པའི་ཐོག་ནས་ལས་འགུལ་སྤེལ་བ་དེ་ལ་ངས་བསྔགས་བརྗོད་དང་སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། དེ་གཞིན་ལས་འགུལ་དེ་འགོ་བཙུགས་པ་ཙམ་མ་ཡིན་པར་མཐའ་འཁྱོལ་བ་ཞིག་དང་ང་ཚོའི་དགོས་འདུན་འགྲུབ་པ་ཞིག་ཡོང་བར་ངས་སྨོན་འདུན་ཞུ་ཡི་ཡོད་ཅེས་གསུངས་སོང་། དེ་ཡང་ཟས་བཅད་ངོ་རྒོལ་དེའི་ནང་མཉམ་ཞུགས་བྱེད་མཁན་གཞིས་གྲོང་རེ་ནས་མི་གཉིས་རེ་དང་། ཁྱོན་བསྡོམས་མི་༡༨ རེ་ཆུད་ཚོད་༢༤ རིང་རེས་མོས་ཀྱིས་རྒྱུན་མཐུད་རྒྱུ་ཡིན་པ་དང་། དེའི་ནང་གི་མི་ཁག་ཅིག་ཆུ་ཚོད་༤༨ རིང་རྒྱུན་མཐུད་ནས་སྡོད་མཁན་ཡང་ཡོད་པ་རེད།།
མོན་གྷོ་གསར་འགོད་པས་རྒྱ་གར་ལྷོ་ཕྱོགས་ནས།
{jcomments on}