གྲྭ་པ་༣༠༠ འཛིན་བཟུང་དང་བོད་མི་གཉིས་བསད་པ།

ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་༤ ཙམ་ནས་དུས་ཚོད་༢༤ རིང་རྔ་པ་རྫོང་ཡོངས་ཀྱི་ཁ་པར་རིགས་ཚང་མའི་བརྡ་རྟགས་རྩ་བ་ནས་མེད་པར་ཆགས་ཡོད་པ་དང་། ཕྱི་ཚེས་༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༥ ཙམ་ལ་ཁ་སང་གྲྭ་པ་རྣམས་འཛིན་བཟུང་བྱེད་སྐབས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་གཅིག་མཚུངས་ཀྱི་རླངས་འཁོར་ཆེ་བ་༥ དགོན་པའི་ནང་བསྐྱར་དུ་སླེབས་ཡོད་པ་དང་། རླངས་འཁོར་དེ་དག་གི་ཨང་གྲངས་དང་། རྩིབས་གཡས་གཡོན་གྱི་ཡི་གེ་ཚང་མ་སྦས་ནས་མི་མཐོང་བར་བཟོས་ཡོད་འདུག་པས་དོ་དགོང་ཡང་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག མདང་དགོང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་ཀྱི་གྲྭ་ཤག་ཚང་མའི་སྒོ་ངོས་སུ་སྒོ་ཕྱེ་མི་ཆོག་ཞེས་པའི་ཡི་གེ་སྦྱར་ནས་སྒོ་གཏན་རྒྱག་བྱས་ཡོད་འདུག

དེ་ལས་ཀྱང་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ནི་གྲྭ་པ་རྣམས་འཛིན་བཟུང་གིས་ཁྱེར་ནས་འགྲོ་སྐབས་དེ་སྔ་ཕྱི་ཟླ་༤ ཚེས་༡༢ ཉིན་ནས་དགོན་པའི་གླིང་མདོའི་ལམ་ཆེན་དུ་ཉིན་མཚན་གཉིས་ཀར་བསྡད་ནས་གནས་ཚུལ་འདི་འདྲ་ཞིག་འབྱུང་སྲིད་པའི་དོགས་ཟོན་བྱས་ནས་ཡོད་པའི་ལོ་ན་རྒན་པ་གཙོ་བོར་གྱུར་པའི་མི་མང་ ༢༠༠ ཡས་མས་ཤིག་ཡོད་པ་དེ་རྣམས་ཀྱིས་བཀག་འགོག་བྱས་པར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་གཅར་རྡུང་དྲག་པོ་བཏང་སྟེ་མོ་རྒན་མོ་ཞིག་གི་རྐང་བ་དུམ་བུ་གསུམ་བྱས་པ་སོགས་མི་མང་པོའི་རྐང་པ་ལག་པ་བཅག་པའི་གནས་ཚུལ་བྱུང་ཡོད་པ་དང་། སྐད་ཤུགས་ཆེན་པོས་ངུས་སྐབས་ཁ་ནང་དུ་རས་བརྫངས་ཏེ་ཁ་བཀག་པ་སོགས་བྱུང་འདུག་ལ། དེ་དག་གི་ནང་ནས་མཐའ་བ་གོང་མའི་ནང་ལ་ཡོད་པའི་ཁྲིམས་ཀན་ཕྱུགས་ལས་ཀྱི་དོན་ཁོ་ཚང་གི་དོན་ཁོ། རང་ལོ་༦༠། (ཁོང་ལ་བུ་ཚུལ་ཁྲིམས་ཟེར་བ་ཞིག་དང་བུ་མོ་འཕྲིན་ལས་མཚོ་ཟེར་བ་གཉིས་ཡོད་པ་དང་། ཁོང་གི་གཟའ་ཟླའི་མིང་ལ་ཁྲང་མེས་ཟེར་)ཡིན་པ་ཞིག་དང་གཅའ་ཞང་ནག་ཚང་མའི་ར་ཁོ་ཚང་གི་ཤེར་སྐྱིད། རང་ལོ་༦༥ ཡིན་པ་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་མང་རྣམས་དོ་སྐྱེལ་རླངས་འཁོར་བཞིའི་ནང་ལ་བླུགས་ནས་རླངས་འཁོར་གཉིས་དམག་སྒར་ནང་ཁྱེར་ཡོད་པ་དང་། གཉིས་རས་བོང་ཞེས་པའི་དུར་སའི་ནང་ཁྱེར་ནས་གློད་ཡོད་འདུག མི་མང་ཕལ་ཆེ་བ་ཕྱི་ཚེས་༢༢ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་༩ ཡས་མས་ཤིག་ལ་གློད་གྲོལ་བྱས་ཡོད་ནའང་ལོ་ན་ཆུང་བའི་མི་ཁག་ཅིག་བཀག་ཉར་བྱས་ཡོད་པ་དང་། ནགས་ལས་བློ་བཟང་ཚང་གི་བུ་མོ་ཞིག་མདང་དགོང་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཀྱང་མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང་།

ཕྱི་ཚེས་༢༢ ཉིན་རྔ་པ་རྫོང་ཐོག་གི་ཁྲོམ་རའི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་དང་། ཉེན་རྟོག་པ་དང་དམག་མི་རྣམས་ཀྱི་རླངས་འཁོར་མིན་པ་ཚང་མ་བཀག་སྡོམ་བྱས་ཡོད་འདུག

མ་གཞི་གནས་ཚུལ་དེ་འདྲ་ཞིག་འབྱུང་རྒྱུ་ཡིན་པ་ཁ་སང་སྟེ་ཕྱི་ཚེས་༢༡ ཉིན་གྱི་ཉིན་གུང་ཞིག་ནས་གྲྭ་པ་མང་པོས་གོ་ཡོད་འདུག་ཅིང་། དགོང་མོའི་དུས་ཚོད་༦ ཙམ་ལ་གྲྭ་པ་མང་པོ་ཞིག་མཉམ་འཛོམས་བྱས་ཏེ་དེ་འདྲ་བྱེད་མི་ཆོག་ཚུལ་དང་ང་ཚོས་སུ་ཞིག་འཛིན་བཟུང་བྱས་ན་བཀག་འགོག་བྱེད་ངེས་ཡིན་ཚུལ་བརྗོད་དེ་དུས་ཚོད་ ༨།༣༠ ཙམ་གྱི་བར་དུ་བསྡད་འདུག་མོད། སྐབས་དེར་དེང་སྐབས་དགོན་པའི་ནང་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་མཁན་གྱི་རྒྱ་དཔོན་མཐོ་ཤོས་དེས་ང་ཚོ་ལ་དེ་འདྲའི་འཆར་གཞི་མེད་པས་གྲྭ་པ་རྣམས་རང་རང་གི་ཤག་ཏུ་ལོག་དགོས་ཚུལ་ནན་བརྗོད་བྱས་པར་མ་ཟད། དགོན་པའི་མཁན་པོ་དང་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ལའང་དེ་ལྟར་ནན་བརྗོད་བྱས་པ་དང། གལ་སྲིད་གྲྭ་པ་རྣམས་མ་སོང་ནས་དམག་མི་དང་གདོང་ཐུག་སོགས་ག་རེ་བྱུང་ཡང་ཁྱེད་རང་ཚོས་འགན་ཁུར་དགོས་ཚུལ་སོགས་བརྗོད་ཡོད་འདུག གང་ལྟར་དུས་ཚོད་༨།༣༠ ཙམ་ལ་གྲྭ་པ་རྣམས་རང་རང་གི་ཤག་ཏུ་ཕེབས་འདུག་མོད། དེ་ནས་ཅུང་མ་འགོར་བར། གྲྭ་ཤག་ཡོངས་རྫོགས་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བསྐོར་ནས་གོང་ཞུས་ཀྱི་གནས་ཚུལ་དེ་བྱུང་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༢ ལ།

{jcomments on}