དེང་གི་རྒྱ་ནག་འདི་ལ་བོད་མི་རིགས་རྩ་མེད་བཟོ་བའི་ནུས་པ་མེད།
ཟླ་འདིའི་ཚེས་༢༤ རེས་གཟའ་ཉི་མའི་ཉིན་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་དང། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་སེར་སྐྱ་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། རྒྱ་གཞུང་གི་དམ་དྲག་བཀག་བསྡོམས་ལ་ངོ་རྒོལ་ཆེད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས། དྷ་ཤོད་ཀཱ་ཅ་རཱི་བར་དུ་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང།
སྐད་འབོད་འགོ་མ་བཙུགས་པའི་གོང་དུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དེའི་སྐོར་ངོ་སྤྲོད་གནང་དོན། སྤྱིར་བོད་ཆོལ་ཁ་གསུམ་ལ་ད་ལྟའི་གནས་སྟངས་ཛ་དྲག་ཆགས་བསྡད་ཡོད་རེད་ལ། ཁྱད་པར་དུ་རྔ་པ་ཁུལ་ལ་ཛ་དྲག་ཆེན་པོ་ཆགས་བསྡད་ཡོད་པས། ང་ཚོ་ཕྱི་ལོགས་སུ་ཡོད་མཁན་ཚོས་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པ་རེད། དེ་རིང་གི་ལས་འགུལ་འདི་ཡང་དེའི་ཆ་ཤས་ཤིག་ཡིན་ཞེས་དང། མི་དང་སེམས་ཅན་སུ་ཞིག་ཡིན་ནའང་ཚེ་སྲོག་གི་མཐར་ཐུག་ལ་སླེབས་དུས་ཁོ་རང་གི་ནུས་པ་ཡོད་ན་མེད་ན་བེད་སྤྱོད་ཀྱིས་ཕར་རྒོལ་བྱེད་རྒྱུ་ཡིན་པ་གསལ་པོ་རེད། དེ་རིང་རྒྱ་ནག་ཐེ་བའི་སྲིད་དབང་སྒེར་སྤྱོད་པ་དེ་ཚོ་འཛམ་བུ་གླིང་འདིའི་སྒང་སྡོད་སའི་གནས་སྟངས་ཡོད་མ་རེད། འཛམ་བུ་གླིང་འདིར་ཁོ་ཚོ་རྩ་མེད་འགྲོ་བའི་གནས་སྐབས་འདིར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་དང། མཐའ་མཇུག་གི་འཕག་ཚག་རྒྱག་སྟངས་དེ་ཞེད་སྣང་ཚ་བོ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་རེད། བོད་ཕྱི་ནང་གཉིས་ནས་ཧ་ཅང་གཟབ་གཟབ་བྱེད་དགོས་པ་ཞིག་རེད། གང་ཡིན་ཟེར་ན་ཁོ་ཚོ་ཤི་ཁའི་འཕག་ཚག་རེད། དེ་གཟབ་དགོས་པ་རེད། ཕྱོགས་གཅིག་ནས་བལྟ་ཡོང་དུས། བོད་མི་རིགས་གཙོ་བོར་གྱུར་པའི་འཛམ་བུ་གླིང་གི་མི་རིགས་ཤིག་མི་རིགས་གཞན་གྱིས་རྩ་མེད་བཏང་ནས་རྫོགས་སོང་བ་ཞིག་ཡོད་མ་རེད། དེར་བརྟེན་རྒྱ་ནག་གི་ང་ཚོ་རྩ་མེད་གཏོང་གི་རེད་ཟེར་བ་དང། དེ་རིང་ཁ་སང་གི་རྒྱ་ནག་འདིར་བོད་མི་རིགས་རྩ་མེད་གཏོང་བའི་ནུས་པ་ཡོད་རེད་དམ་ཟེར་ན། ང་ཚོ་དོགས་པ་ཟ་དགོས་མ་རེད། ནུས་པ་དེ་ཡོད་མ་རེད། ང་ཚོ་མཐའ་མཇུག་གི་གཡུལ་ལས་རྒྱལ་རྒྱུ་ཡིན་པ་ང་ཚོས་དོགས་པ་བྱེད་དགོས་པ་མ་རེད་བསམ་གྱི་འདུག་ཅེས་སོགས་གནས་སྟངས་འགྲེལ་བརྗོད་གནང་སོང།
དེ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱངས་གནང་དོན། ད་ལྟའི་ཆར་རྔ་པ་རྫོང་ཁུལ་དུ་རྒྱལ་སྤྱིའི་གསར་འགོད་པ་རྣམས་བཀག་བསྡོམས་བྱས་ཡོད་པ་མ་ཟད། ཁ་པར་དང་མྱུར་འཕྲིན་སོགས་ཀྱི་བརྒྱུད་ལམ་ཡོངས་རྫོགས་བཀག་བསྐྱིལ་བྱས་ཡོད་པ་རེད། རྔ་པ་རྫོང་ཁུལ་གྱི་གནས་སྟངས་ནི་ཆེས་ཛ་དྲག་ཆགས་ཡོད་པ་དེའི་ཐོག་འཛམ་གླིང་རྒྱལ་སྤྱིའི་ཐེ་གཏོགས་དང་ཁྲིམས་ཐོག་ནས་དྲང་བདེན་གྱི་སྲུང་སྐྱོབ་བཅས་མེད་པ་ཡིན་ཚེ་གནས་སྟངས་རྣམས་དེ་བས་ཀྱང་ཡ་ང་བ་དང་ཛ་དྲག་ཏུ་འགྲོ་ངེས་པ་ཞིག་རེད། བདུན་རྗེས་མའི་ནང་པེ་ཅིང་དུ་རྒྱ་ནག་དང་ཨ་རིའི་དབར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལོ་འཁོར་ཚོགས་ཆེན་འཚོག་གཏན་ཁེལ་ཡོད་པར། ཨ་རིའི་གཞུང་ངོས་ནས་བོད་ཀྱི་གནས་སྟངས་དང་སྒོས་སུ་ཨ་མདོ་རྔ་པ་ཀིརྟིའི་དགོན་གྱི་ཛ་དྲག་གི་གནས་སྟངས་འདིའི་ཐོག་གླེང་སློང་ངེས་པར་དུ་གནང་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཞེས་སོགས་སྒྲོག་སྦྱངས་གནང་སོང།
དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་གྱིས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་གིས་བོད་མི་ཚོའི་ཐོག་ལ་དྲག་གནོན་རབ་དང་རིམ་པར་བྱས་པ་དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་གི་གཞུང་གི་ཁྲིམས་དང་ཡོངས་སུ་འགལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྡོག་རོལ་བཏང་བའི་སྲིད་ཇུས་དེ་མུ་མཐུད་བཞིན་པ་ཡིན་པ་དེ་གསལ་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། ད་ལྟའི་རྔ་པ་ཀིརྟི་དགོན་པར་གྲྭ་པ་ཚོའི་བཟའ་ཆས་རྫོགས་འགྲོ་བའི་རྐྱེན་གྱིས་ཟ་རྒྱུ་མི་རག་པའི་ཚད་དུ་སླེབས་ཡོད་པ་མ་ཟད། རིམ་བཞིན་དགོན་པའི་ནང་དུ་གྲྭ་པ་མེད་པ་བཟོ་བའི་སྲིད་ཇུས་ཞིག་འགྲོ་བཞིན་པ་རེད། དེར་བརྟེན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཤིག་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང།
དེ་ནས་དྷ་ས་ཁུལ་གྱི་སློབ་མ་དང། གྲྭ་པ། བཙུན་མ། ས་གནས་ཀྱི་མི་མང་བཅས་ཁྱོན་བརྒྱ་ཕྲག་བརྒལ་བས་དྷ་ཤོད་ཀཱ་ཅ་རཱི་བར་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང།།
{jcomments on}