དགའ་ལྡན་ཕོ་བྲང་གི་འགན་ཁུར་རྒྱུའི་དུས་ཚོད་རྫོགས་པ་རེད།

དེ་ཡང་ཟླ་འདིའི་༢༢ ཉིན་རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ལས་ཐོག་ཡོངས་ནས། ༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་སྐབས་བཀའ་སློབ་བསྩལ་དོན། དེ་རིང་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་རྣམ་པ་ཚོ་དང་སྲུང་མ་ཚོ་བཅས། ལྷ་མི་ཐུན་མོང་གི་ཐོག་ནས་རྟེན་འབྲེལ་བསྒྲིགས་པ་གནང་སྟེ། ཆོག་ག་དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་གསང་བ་རྒྱ་ཅན་ནང་གི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་དང་འབྲེལ་བའི་སྒོ་ནས། གཟིམ་ཆུང་དུ་ཚོགས་གསོག་སྔོན་དུ་སོང་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། གཟུངས་སྔགས་སྔོན་དུ་བསགས་ཏེ་གནད་སྨིན་ཚོགས་དང་སྒྲོལ་མའི་སྒོ་ནས་བརྟན་བཞུགས་འཚོག་སར་༧གོང་ས་ལྔ་པ་ཆེན་པོའི་སྐུ་བརྙན་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་དུས་རྟེན་འབྲེལ་གྱི་ནུས་པ་ཏན་ཏན་ཡོང་གི་རེད། འདི་ག་སྲི་ཞུ་བ་ཚོས་བཀའ་དྲིན་རྗེ་སུ་དྲན་པའི་ཐོག་ནས་གནོངས་བཤགས་བྱེད་རྒྱུ་དང་། གཙོ་བོ་སོ་སོ་བསམ་པ་རྣམ་དག་དང་ལྷག་བསམ་གཡོ་མེད་བྱེད་རྒྱུ་ཡིན་ཞེས་འདིར་དམ་བཅའ་ཞིག་བཀོད་འདུག་པས་ཞེ་དྲག་ཡག་པོ་རེད།

ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། ཚང་མས་ཤེས་གསལ་རེད། ༧གོང་ས་ལྔ་པ་ཆེན་པོས་བཙུགས་གནང་བའི་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་འགན་ཁུར་རྒྱུའི་དུས་ཚོད་དེ་རྫོགས་པ་དང་། ཁ་སང་ཞུས་པ་བཞིན་དཔལ་དང་རྒྱལ་ཁའི་ངང་ནས་བཀྲིས་བདེ་ལེགས་དང་དུ་བླངས་ཏེ་མཇུག་རྫོགས་པ་རེད། ཁ་སྔོན་འགོ་སྟོད་ལ་ཆོས་སྐྱོང་ཚོའི་དགོངས་པར་གང་འདྲ་ཡོད་དམ་དྲན་བྱུང་། ལྷ་མི་ཀུན་སྤྱོད་གཅིག་པ་ཡིན་དུས་མིའི་བློ་ལ་ཏོག་ཙམ་མི་བདེ་བ་ཡོང་དུས་ཆོས་སྐྱོང་ཚོར་ཡང་ཡོང་གི་རེད་བསམས་བྱུང་ཡང་སྐྱོན་གང་ཡང་མི་འདུག་ལ་རྒྱབ་སྐྱོར་གནང་གི་འདུག  གལ་ཆེ་བ་ཞིག་ནི་མང་གཙོའི་འོས་འདེམས་ཐོག་ནས་འགོ་ཁྲིད་གསར་པ་ཡོང་གི་རེད། མ་གཞི་ཕྱི་ལོ་ ༢༠༠༡ ནས་འགོ་བཙུགས་ཏེ་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་སྟེ་ལོ་བཅུ་ཕྱིན་པ་རེད། ད་ཆ་གཞོན་སྐྱེས་མི་རབས་གསར་པ་ཞིག་ཕལ་ཆེར་གཏན་ཁེལ་བའི་བཟོ་འདྲ་རེད།  དེར་བརྟེན་ཁྱེད་རང་སྲི་ཞུ་བ་ཚོས་ཀྱང་སྔར་བཞིན་འདིར་དམ་བཅའ་བཞག་པ་བཞིན་ལྷག་བསམ་གཡོ་བ་མེད་པ་བྱས་ཏེ།  རྒྱབ་མདུན་ངོ་ལྐོག་མཐོ་སར་སྤྲེལ་ལད་འཁྲབ་རྒྱུ་དང་དམའ་སར་བརྙས་བཅོས་ཟེར་བ་འདིར་བཀོད་འདུག་པས་དེ་ཞེ་དྲག་གལ་ཆེན་པོ་རེད། ང་ཚོ་ལས་བྱེད་པ་ཚང་མས་བྱང་ཆུབ་སེམས་དཔའ་ཚོས་སེམས་སྐྱེས་སྡོམ་པ་ལེན་པའི་སྐབས་སུ་སེམས་ཅན་ཐམས་ཅད་འབངས་སུ་བཞེས་ཏེ་བསམ་བློ་གཏོང་གི་ཡོད། དེ་ལྟ་བུར་ང་རང་ཚོ་གཞུང་གི་ལས་ཀ་བྱེད་མཁན་ཟེར་བ་དེ་ཞབས་འདེགས་ཞུ་སའི་མི་མང་གི་ཞབས་ཞུ་ཡིན་བསམ་པ་མ་གཏོགས་ང་སྒང་ལ་སྡོད་མཁན་དཔོན་པོ་ཡིན།  ང་མར་བཀའ་བཀོད་བྱེད་མཁན་ཡིན་བསམ་པ་བྱས་ན་ནོར་འཁྲུལ་རེད། སོ་སོར་འགན་དབང་ཡོད་པའི་ཆ་ནས་ཐག་གཅོད་བྱེད་དགོས་རིགས་ཡོང་གི་རེད་མ་གཏོགས། རྩ་བའི་བསམ་བློའི་འཁྱེར་སོ་དེ་སྤྱི་འབངས་ཀྱི་ཞབས་ཞུ་བ་ཞིག་ཡིན་བསམ་པ་དེ་ངེས་པར་དུ་དགོས།

ཁྱེད་རང་ཚོས་ད་ཆ་༧རྒྱལ་བ་རིན་པོ་ཆེས་མུ་མཐུད་འགན་ལེན་གྱི་མེད། ད་ཞབས་ཕྱི་ཞུས་མ་ཞུས་མི་འདུག་བསམ་པ་དེ་འདྲའི་བསམ་བློ་མ་བཏང་བར། ང་བསྡད་ཡོད་ལ་ངས་འོས་བསྡུའི་ཐོག་ནས་འགོ་ཁྲིད་བསླེབས་མཁན་ཚོར་རྒྱབ་སྐྱོར་ཆ་ཚང་ཡོད། དངོས་སུ་ལག་ལེན་ཐོག་ནས་འགྲོ་སྟངས་གསར་པ་ཞིག་ཆགས་པ་རེད། འདས་པའི་ལོ་བཅུའི་རིང་ལ་ཡིན་ནའང་ངོས་ཕྱེད་རྒན་ཡོལ་ལྟ་བུར་བསྡད་ཡོད་འཐུས་ཤོར་གང་ཡང་ཕྱིན་མེད། མ་འོངས་པ་ཡིན་ནའང་འཐུས་ཤོར་རྩ་བ་ནས་འགྲོ་ཡི་མ་རེད། དེ་འདྲ་ཡིན་དུས་ཁྱེད་ཚོ་ཚང་མས་སེམས་ཤུགས་བསྐྱེད་དེ་ད་ལྟ་ཕན་ཆད་གནང་བ་བཞིན་གནང་རོགས་ཞེས་ཞུ་རྒྱུ་གཅིག་ཡིན། ཁྱེད་རང་ཚོ་དྷ་སར་སྡོད་མཁན་ཆགས་ཏེ་ང་ཚོའི་སྔ་ཕྱིའི་བསམ་བློ་གཏོང་སྟངས་དེ་དག་མང་པོ་ཞིག་གོ་ཡོད་པ་མ་ཟད། གང་འཚམས་རྒྱུས་ཡོད་ཆགས་ཡོད།  ཉེ་ཆར་གྲོས་ཚོགས་ལ་ཡི་གེ་ཕུལ་བ་ནས་བཟུང་ཁྱེད་རང་ཚོས་ཅུང་ཤེས་པ་ཆགས་ཡོད། དེ་འདྲ་ཡིན་དུས་སོ་སོའི་ངོ་ཤེས་པ་རྒྱ་གར་ནང་ཡོད་པ་ཡིན་ནའང་རེད། ལྷག་པར་གཙོ་ཆེ་བ་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་དང་འབྲེལ་བ་ཡོད་མཁན་ཚོས། ཡིན་གཅིག་མིན་གཅིག་ངོས་ཀྱི་འདིར་ཐག་གཅོད་བྱེད་རྒྱུ་དེ་ཡུན་རིང་པོར་བསམ་བློ་བཏང་སྟེ་ཐད་ཀར་བོད་དོན་དང་བོད་པ་ཚོའི་དོན་དག་རེད་ལ། ཕྱོགས་གཅིག་ནས་འཛམ་གླིང་འདིའི་སྒང་ལ་བོད་ཀྱི་མཚན་མཐོང་ཆེ་རུ་འགྲོ་རྒྱུ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་དགོས།

ངས་ཐག་གཅོད་དེ་བྱས་རྗེས་ངའི་ངོ་ཤེས་མང་པོ་ཞིག་གིས་མཐའ་གཅིག་ཏུ་ཡི་རངས་དང་མངོན་པར་བསྟོད་ནས་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག གསར་ཤོག་དེ་འདྲའི་ནང་རྩོམ་ཡིག་སྤེལ་བ་མང་པོ་ཞིག་གིས་ངའི་ཐག་གཅོད་དེར་རྒྱབ་སྐྱོར་དང་བསྟོད་བསྔགས་ཡོད་པ་ཆགས་ཡོད། ཇི་ཙམ་གྱི་ང་ཚོར་བསྟོད་བསྔགས་དང་རྒྱབ་སྐྱོར་བྱས་པ་དེའི་ཚོད་ཀྱིས་ཕར་ཕྱོགས་དེར་གུང་ཁྲན་བསམ་བློ་གུ་དོག་པོ་དེ་དག་གིས་འགྲེལ་བཤད་རྒྱག་མ་ཤེས་པ་དང་བྱེད་སྟངས་མ་ཤེས་པ་ཞིག་གི་སྒང་ལ་བསླེབས་ཡོང་གི་ཡོད་ལ་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཆགས་ཡོད།  དེ་འདྲ་ཡིན་དུས་བོད་ནང་དུ་གཞིས་ལུས་མི་མང་ཚང་མར་གསལ་བསྒྲགས་བྱེད་རྒྱུའི་གོ་སྐབས་དང་བྱེད་ཐབས་མེད་ཀྱང་། ཕྲན་བུའི་བསམ་བློ་འཁོར་མཁན་ངས་ཁ་སྔོན་བརྗོད་པ་བཞིན་ད་བར་ངས་ཤེས་ཡོན་ཅན་གྱི་མི་སྣ་བརྒྱ་ཕྲག་ཁ་ཤས་ཤིག་ཐུག་ཡོད། དེ་ཚོའི་གྲས་ཀྱིས་གནད་འགག་ཤེས་པ་ཡིན་དུས་ང་ཚོའི་དབུ་མའི་ལམ་ཞེས་གཉིས་ཕན་ཞིག་བསམ་བློ་བཏང་སྡོད་རྒྱུ་དེ་དངོས་སུ་ལག་ལེན་འཁེལ་ཐུབ་རྒྱུ་ཞིག་དང་རྒྱ་མིས་སྡིག་པ་མིག་བཙུམས་བྱས་ཏེ་ཤོད་ཀྱི་ཡོད། གང་ལྟར་གཞན་དག་རྒྱུ་མཚན་བཀོད་རྒྱུ་མེད་དུས་མུ་མཐུད་ནས་ཁ་བྲལ་བ་རེད་བཤད་དགོས་རྒྱུ་དེ་ང་ཚོས་འདི་ནས་གཉིས་སྨན་གྱི་ཐབས་ལམ་ཞིག་སྤྲད་ཡོད་པ་དེ་མ་རེད་ཅེས་ལབ་མ་ཤེས་པ་ཡིན་དུས་ངོ་ཚ་ཁ་སྐྱེངས་ཐོག་ནས་ཁ་བྲལ་བ་རེད་ཅེས་མུ་མཐུད་ཤོད་དགོས་རྒྱུ་ཆགས་འདུག ང་ཚོས་འདིར་ཁ་བྲལ་གྱི་ལས་ཀ་ཞིག་བྱས་པ་ཡིན་ན་རྒྱ་མིས་གསལ་པོ་བྱས་ཏེ་ངོ་རྒོལ་བྱེད་རྒྱུ་རེད་ལ་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། རེ་ཟུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་མ་གཏོགས་དེ་མིན་ཁག་པོ་ཞེ་དྲག་རེད། གཙོ་བོ་གཅིག་རྒྱ་གར་གཞུང་གི་མཚོན་པའི་ལུང་པ་མང་པོ་ཞིག་གི་བོད་པར་ཤ་ཚ་དང་རྒྱབ་སྐྱོར་ཡོད། འོན་ཀྱང་དངོས་ཡོད་འཛམ་བུ་གླིང་གི་གནས་སྟངས་འདི་འདྲ་ཞིག་ཆགས་ཚར་པའི་རྗེས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཞེ་དྲག་ཡིན་དུས་ད་ལྟ་ང་ནས་དབུ་མའི་ལམ་ཞེས་པ་དེར་བོད་ནང་གི་བསམ་བློ་གཏོང་མཁན་ང་ལ་ཐུག་པ་དེ་དག་གིས་ཧ་ལམ་མཚོན་ཐུབ་ཀྱི་རེད། མང་པོ་ཞིག་གིས་ཁོང་ཚོའི་སྡེ་རྒྱ་ཚང་མའི་ཚབ་བྱས་ཏེ་ཟེར་གྱི་ཡོད་ཟེར་མཁན་ང་ལ་མང་པོ་བྱུང། ངའི་ད་རེས་ཐག་གཅོད་བྱས་པ་འདི་བོད་དོན་བློས་བཏང་བ་དང་རེ་བ་བརླག་པ། ངོས་འདིར་སེམས་ཤུགས་ཆག་པའི་བཟོ་ལྟ་བུ་རྩ་བ་ནས་མིན་པ་དེ་དག་ཁྱེད་རང་ཚོས་ག་ཚོད་གང་ཐུབ་ཀྱི་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་ན་རྒྱག་དགོས་ཤེས་སོང་ངམ། སོ་སོ་སྒེར་གྱི་ངོས་ནས་ངོ་ཤེས་པ་དེ་འདྲ་ཕར་ཚུར་མདོར་ན་ཁ་པར་གཏོང་བདེ་པོ་ཡོད་ན་གཏོང་རྒྱུ་དེ་ཁྱེད་རང་ཚོའི་ལས་འགན་རེད་ལ་གལ་ཆེན་པོ་རེད།

ཡང་༧གོང་ས་མཆོག་གིས་མུ་མཐུད་ནས། བར་སྐབས་བོད་ནང་རིགས་འགའ་ཤས་གང་ཙམ་ཞིག་བློ་ཕམ་ཡོང་གི་ཡོད་པ་ལྟ་བུ་དེ་འདྲ་ཞིག་གོ་ཡོང་གི་འདུག དེ་གནས་ཚུལ་ཆ་ཚང་ཞིག་མ་ཤེས་པ་བྱས། རྒྱལ་སྤྱིའི་སྟེང་གི་གནས་ཚུལ་དེ་དག་ཀྱང་ཡག་པོ་ཞིག་བསམ་བློ་མ་འཁོར་བའི་ཁ་ཐུག་དེར་ཁག་མི་འདུག ད་བར་དུ་ས་ཆགས་རྡོ་ཆགས་བྱས་ནས་དགའ་ལྡན་ཕོ་བྲང་ཞེས་ལོ་ངོ་སུམ་བརྒྱ་ལྷག་ཕྱིན་པ་རེད། བཞི་བརྒྱར་སླེབ་ཉེའི་མཚམས་ཕྱིན་ཡོད། བོད་ཀྱི་གནས་སྟངས་ཀྱང་ཛ་དྲག་ཅིག་ཡོད་པའི་སྐབས་དེར་ཁག་མི་འདུག དེ་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག དེ་རིང་གི་དྲེགས་པ་ཕོ་བརྒྱུད་མོ་བརྒྱུད་སྤྱན་འདྲེན་གཟུགས་ཅན་གྱི་རྟེན་ལ་ཡེ་ཤེས་ཀྱིས་སྤྱན་འདྲེན་ནས་ལྷ་ཕེབས་པར་ཁྱེད་རང་ཚོ་ཕལ་ཆེ་ལྟད་མོ་ཆེན་པོ་ཞིག་མཐོང་བྱུང་ངམ། ངའི་ངོ་ཤེས་པ་རྒྱ་གར་གྱི་མི་ཞིག་ཡོད། ཁོང་རང་གི་པ་ལགས་ཀྱི་དུས་ནས་ངས་ངོ་ཤེས་ཀྱི་ཡོད།  (Pico Iyer) རྩོམ་ཧ་ཅང་འབྲི་མཁས་པོ་ཡོད། ཁོང་ལ་ཤ་ཚ་ཧ་ཅང་ཡོད་རུང་ཆོས་ལ་དད་པ་དང་དོ་སྣང་དམིགས་བསལ་མེད། ཆོས་ལ་མི་དགའ་དེ་འདྲ་ཡང་མིན། སྔ་ལོ་ང་རང་ཉི་ཧོང་ལ་འགྲོ་སྐབས་ཁོང་ནམ་རྒྱུན་ང་དང་མཉམ་དུ་ཡོང་གི་ཡོད། ངས་ཉིན་རེ་ཉིན་རེ་ག་རེ་བྱས་པ་དེ་དག་ཐོ་བརྒྱབ་སྟེ་མར་འབྲི་ཡི་ཡོད། གལ་ཆེ་བ་དེ་དག་གསར་འགྱུར་ནང་གཏོང་གི་ཡོད། ཁོང་ཉིན་ཞིག་ངར་ཐུག་སྟེ་སྐད་ཆ་འདྲི་རྒྱུ་ཞིག་ཡོད་ཅེས་བརྗོད་བྱུང་། ༧རྒྱལ་དབང་རིན་པོ་ཆེ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་མཁན་ཞིག་དང་ཚན་རིག་པ་རང་ཆགས་ཡོད། ལྷ་ཕེབས་རྒྱུ་དེ་གང་འདྲ་ཡིན་ནམ་ཁོང་དེ་ལ་ཡ་མཚན་སྐྱེ་ཡི་འདུག་ཅེས་བརྗོད་བྱུང་། ངས་འདི་དེ་འདྲ་རེད་འདི་དེ་འདྲ་རེད་ཅེས་འགྲེལ་བཤད་བརྒྱབ་པ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་ཐོག་ནས་ཟེར་ན་མི་འདུག་གང་ལྟར་སྤྱིར་བཏང་འཛམ་གླིང་འདིའི་སྟེང་ལ་ཡོད་ཚད་མཐོང་བ་མངོན་འགྱུར་ཆགས་མེད།

དེ་བཞིན་གལ་ཆེ་ཤོས་དེ་ང་རང་ལོ་བཅུ་དྲུག་ལ་སླེབ་སྐབས་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། གལ་ཆེ་བ་དེ་དག་ལྷ་མོའི་བསྟན་གྱི་དྲུང་ནས་ཟན་བརྟག་བསྒྲིལ་ནས་གནས་ཆུང་གཙོ་བོར་གྱུར་པའི་ཆོས་སྐྱོང་སྐུ་ཕེབས་ཡོད་མཁན་ཚོ་ལ་ལུང་ཞུས་ནས། ང་ད་ལྟ་ལོ་བདུན་ཅུ་དོན་དྲུག་བར་དུ་གལ་ཆེ་བ་དེ་དག་མོ་བརྒྱབ། ཟན་བརྟག་བསྒྲིལ་དེ་འདྲ་བྱས་ནས་ཕྱིན་པ་ཡིན།  རྩ་བ་ཉིད་ནས་བསླུ་བ་མ་བྱུང་བས་དེ་ལ་ཆ་འཇོག་ས་ཞིག་ཏན་ཏན་འདུག དེ་དག་ངས་རང་གི་ཉམས་མྱོང་ཐོག་ནས་ཤེས་ཀྱི་འདུག དེ་འདྲའི་སྲོག་ཆགས་གཟུགས་ཕྲ་བ་ཡིན་པའི་རིགས་དེ་འདྲ་ཡོང་གི་འདུག ངོས་ཀྱིས་ཁོང་ལ་རྩེད་མོ་བརྩེས་ཏེ་གཟུགས་ཕྲ་བ་དེ་ཚོའི་གྲས་དེ་སྤྱིར་བཏང་མིས་མཐོང་གི་མ་རེད།  ཁོ་ཚོ་གཟུགས་ཕྲ་བ་ཡིན་དུས་འགྲོ་རྒྱུ་དེ་ཧ་ཅང་མགྱོགས་པོ་འགྲོ་ཐུབ་ཀྱི་ཡོད། དེར་བརྟེན་པེ་ཅིང་ལ་ཕྱིན་ཏེ་རྒྱ་མིའི་དཔོན་པོ་ཚོའི་སྐད་ཆ་ག་རེ་ཤོད་ཀྱི་འདུག་དེ་ཁོང་ཚོས་ཤེས་ཀྱི་རེད། ངོས་ཀྱིས་ཁོང་ལ་དེ་འདྲ་བརྗོད་པ་ཡིན།

དེ་མིན་ཁོང་གིས་ཧོབ་སྟེ་༧རྒྱལ་བ་རིན་པོ་ཆེ་ཚན་རིག་ལ་ཧ་ཅང་དོ་སྣང་ཡོད་པ་མ་ཟད། ཚན་རིག་ལ་ཡིད་ཆེས་བྱས་ཏེ་རི་རབ་ཁས་ལེན་གྱི་མེད་པ་རེད། གླིང་བཞི་གླིང་ཕྲན་ཁས་ལེན་གྱི་མེད། ཧ་ལམ་ཆོས་པ་བློ་གུ་དོག་པའི་ཐོག་ནས་བཤད་ན། ༧རྒྱལ་བ་རིན་པོ་ཆེ་ལོག་ལྟ་ཅན་རེད་ཅེས་ཕལ་ཆེར་ཤོད་རྒྱུའི་མཚམས་ལ་སླེབ་ཀྱི་ཡོད། ཁོང་གིས་ཡ་མཚན་ཐོག་ནས་དེ་འདྲ་ཞིག་དྲིས་བྱུང་བར་ངོས་ཀྱིས་ལན་དེ་ལྟར་བརྒྱབ་པ་ཡིན། དེའི་ཐོག་ནས་གནས་ཆུང་རྒྱུས་ཡོད་ཆེ་ཤོས་དེ་ང་ཆགས་ཡོད། ང་སྔོན་མ་དོལ་རྒྱལ་སྐོར་སྐད་ཆ་བྱུང་སྐབས་འབོར་ཤོབ་བཤད་དེ་གནམ་འདིའི་ཁ་འོག་ལ་གནས་ཆུང་རྡོ་རྗེ་གྲགས་ལྡན་རྒྱུས་ཡོད་ཆེ་ཤོས་དེ་ཕལ་ཆེར་ང་རང་ཡིན་གྱི་རེད། ངའི་གནས་ཚུལ་ཆ་ཚང་ཤེས་མཁན་དེ་ཕལ་ཆེར་གནས་ཆུང་རྡོ་རྗེ་གྲགས་ལྡན་ཡིན་གྱི་རེད་ཅེས་དེ་དུས་བཤད་པ་ཡིན་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།

ང་ལོ་ལྔ་དྲུག་ནས་བཟུང་སྟེ་དུས་ད་ལྟ་བར་དུ་གང་ལྟར་སྐུ་རྟེན་བརྗེས་འགྲོ་ཡི་ཡོད་ནའང་ཡེ་ཤེས་དེ་ཏག་ཏག་ཡོད་པ་ཞིག་རེད་འདུག  ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་འཕོ་འགྱུར་གང་ཙམ་ཞིག་ཕྱིན་ཡོད། ང་ཚོས་ལས་ཀ་འཐུས་ཤོར་རྒྱུའི་ཚབ་ཏུ་ད་དུང་ཡང་ལས་ཀ་འཐུས་སྒོ་ཚང་བ་ཞིག་ཡོང་རྒྱུར་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས་པ་མ་ཟད་སེམས་ཤུགས་བསྐྱེད་དགོས་པ་རེད། ངའི་ངོས་ནས་ཡིན་ནའང་ཐད་ཀར་འབྲེལ་བ་གང་ཡང་མེད། འོན་ཀྱང་ད་ལྟ་འགོ་ཁྲིད་གསར་པ་སླེབ་ཡོང་སྐབས་ང་ཚོ་ཚང་མ་ངོ་ཤེས་པ་ཤ་སྟག་རེད། ང་ཚོ་རྟག་པར་འབྲེལ་བ་དེ་སྡོད་ཀྱི་རེད། དེར་བརྟེན་ཚང་མ་བློ་བདེ་པོ་བྱས་ནས་སྡོད་བཀྲིས་བདེ་ལེགས་ཞེས་བཀའ་སློབ་བསྩལ་ཡོད་པ་རེད།