མི་མང་ལ་ཆོས་འབྲེལ་དང་བཀའ་དབང་།

gongma rinbo chie_21_4དེ་ཡ་ས་གནས་ནས་ཐུབ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས་པའི་ནང་འཁོད་དོན། ར་ཇི་པུར་དཔལ་ས་སྐྱའི་ཆོས་སྒར་རུ་མཁའ་མཉམ་སྐྱེ་འགྲོ་ཀུན་གྱི་མགོན་དཔུང་དམ་པ་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དེར་འདུས་མི་མང་བཞི་སྟོང་ལྷག་ལ་འཆི་མེད་ཚེ་དབང་ཟབ་མོའི་ལྗགས་དབང་བསྩལ་གནང་སོང་། ཟླ་འདིའི་ཕྱི་ཚེས་༢༣ ཉིན་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་དངོས་སུ་བཀའ་དབང་དབུ་འཛུགས་གནང་བ་དང་། སྐབས་དེར་མགོན་པོ་གང་གིས། སྔོན་འགྲོ་ཡན་ལག་བདུན་པ་དང་ནང་ཆོས་ངོ་སྤྲོད་གནང་བ་མ་ཟད། གཙོ་ཆེ་ཤོས་དེ་ཀུན་སློང་ཀུན་སྤྱོད་ལེགས་པ་གསལ་བཏབ་དགོས་པས་ཚེ་དབང་ཞུ་བར་ཁྲལ་དང་ལྟད་མོ་ལྟ་བུའི་འདུ་ཤེས་ཁྱེར་ནས། དབང་གྲལ་དུ་ཞུགས་པ་ཡིན་ན་དབང་མི་འཐོབ་ཁར་ཉེས་དམིགས་སུ་འགྲོ་རྒྱུ་ལས་དགེ་མཚན་མེད་པ་བཀའ་གནང་སོང་། དངོས་གཞི་རྗེས་གནང་གྲུབ་རྗེས་བཛྲ་གུ་རུ་སོགས་ཀྱི་ལྗགས་ལུང་ཡང་གནང་སོང་།

saja_21_4དེ་རྗེས་མི་མང་ལ། དལ་འབྱོར་གྱི་ལུས་རྟེན་འདི་བཞིན་ཧ་ཅང་རྩ་ཆེན་པོ་ཡིན་པས། མི་ལུས་རིན་པོ་ཆེ་འདི་དོན་མེད་ཆུད་ཟོས་སུ་མི་གཏོང་བར། མི་ཚེ་དོན་ལྡན་ཞིག་ཡོང་བར་འབད་དགོས་པ་དེ་ཧ་ཅང་གལ་ཆེན་རེད། ལྷག་པར་དུ་ན་གཞོན་རྣམས་ཀྱིས་མྱོས་རྫས་རིགས་སོགས་སྤངས་བླང་ཚུལ་བཞིན་གནང་དགོས་པ་དང་། དེ་ལྟར་ཐུབ་ཚེ་རང་ཉིད་ཀྱི་མི་ཚེ་དེ་ཡང་དོན་ལྡན་ཞིག་ཡོང་རྒྱུ་མ་ཟད་མི་རིགས་ཀྱི་རྩ་དོན་ལ་ཡང་དེ་ལས་ལྷག་པའི་སྲི་ཞུ་ཞིག་མེད་སྟབས། ཚང་མས་ཐུགས་སྣང་གནང་རོགས་ཞེས་གསུངས་སོང་།  བཀའ་དབང་འདི་ལག་ཐོག་ཁ་པར་བརྒྱུད་ནས་བོད་ནང་ཐད་གཏོང་གནང་མཁན་ཡང་བྱུང་འདུག་ཅེས་གནས་ཚུལ་ནང་འཁོད་འདུག །