མོན་གྷོ་རུ་པཎ་ཆེན་འཁྲུངས་སྐར་སྲུང་བརྩི།

penchen 2011  4  25དེ་ཡང་ཉིན་འདིའི་ཞོགས་པའི་ཆུ་ཚོད་༨ པའི་ཐོག་མོན་གྷོ་ནོར་བུ་རིའི་རྩེར་ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། གྲྭ་ཚང་ཁག་གི་ཕྱག་མཛོད་དང་གཞིས་གྲོང་ཁག་གི་སྤྱི་མི་སོགས་མི་མང་ཕོན་ཆེན་འཛོམས་ཡོད་པ་རེད། ༧ཀུན་གཟིགས་པཎ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་མཇལ་དར་བསྒྲོན་འབུལ་དང་།  བསངས་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་ཟབ་རྒྱས་ལེགས་པར་གྲུབ་རྗེས།  མོན་གྷོ་ས་གཞོན་ཚོགས་གཙོ་གྲགས་པ་བསམ་གྲུབ་དང་།  ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཉིས་ནས་རིམ་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་དང་ལྷག་པར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བོད་མི་རིགས་ཤི་གསོན་ཛ་དྲག་གི་གནས་སུ་གྱར་ཡོད་སྐབས།  རྒྱ་ནག་དམར་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་པ་སོགས་ཀྱི་མཚོན་པའི་སྐུ་ངལ་གང་མང་གནང་ཡོད་པ་མ་ཟད།  རིམ་པས་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་མཐར་སྐུ་སྲོག་ཀྱང་བོད་མི་རིགས་དང་རྒྱལ་བསྟན་གྱི་ཆེད་དུ་ཤོར་བའི་རྗེས་དྲན་དང་།  དེ་བཞིན་དགུང་ལོ་༢༢ ཕེབས་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ཡང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་བོ་༡༦ འཁོར་གྱི་ཡོད་པ་རེད། དེ་རིང་ང་ཚོའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་འདི་དགའ་དགོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད་པ་རེད།  ད་ལྟ་ཁོང་སྐུ་འཚོ་བཞུག་ཡོད་མེད་ཙམ་ཡང་སུ་གང་གིས་ཤེས་རྟོགས་མེད་ཚུལ་དང་། དེ་ཙམ་མ་ཟད་ད་ལྟའི་བོད་ནང་གི་གནས་སྟངས་ཀྱང་ཧ་ཅང་གི་ཛ་དྲག་གི་གནས་སུ་སླེབས་ཡོད་པ་ཚང་མའི་ཤེས་གསལ་རེད། དེར་བརྟེན། མོན་གྷོ་གཞོན་ནུའི་སྣེ་འཁྲིད་འོག་འགྲོ་བཞིན་པའི་ཟས་བཅད་ངོ་རྒོལ་ལ་སེར་སྐྱ་གཉིས་ཀྱི་སོ་སོ་བོད་མི་ཡིན་པའི་འགན་དང་ཚོར་བ་ཡོད་པའི་ཐོག་མཉམ་ཞུགས་གནང་དགོས་སྐོར་སོགས་ཀྱི་ཐད་ལ་ལམ་སྟོན་གསུངས་བཤད་གནང་སོང་།།

མོན་གྷོ་གསར་འགོད་པས།