རྔ་པ་ཀིརྟི་དགོན་པ་ཛ་དྲག་གི་གནས་སྟངས་ལས་སྐྱོབས་རོགས།
ཟླ་འདིའི་ཚེས་༢༥ ཉིན་ཀིརྟི་བྱེས་པ་གྲྭ་ཚང་གི་ངོས་ནས་ད་སྐབས་བོད་ནང་གི་རྔ་པ་ཁུལ་ཀིརྟི་དགོན་པར་རྒྱ་ནག་གི་བཙན་གནོན་དམ་དྲག་འོག གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པར་བརྟེན། ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོག་བྱས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་ཐོག་ཏུ། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་ཀ་ཉག་ཚེ་རིང་གིས་ཐོག་མར་ཀིརྟི་དགོན་པའི་དེ་སྔོན་གྱི་གནང་སྟངས་ངོ་སྤྲོད་གནང་དོན། ཀིརྟི་དགོན་པའི་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་མི་གཅིག་གཉིས་ཀྱིས་ཧོབ་སྟེ་བཟོས་བཞག་པ་ཞིག་དང། གློ་བུར་དུ་དོན་རྐྱེན་བསླངས་བཞག་པ། དེ་ཡང་དོན་དག་ཆུང་ཆུང་ཞིག་ཆེན་པོ་བཟོས་བཞག་པ་རྩ་བ་ནས་མ་རེད། དེ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་དང། ལོ་རྒྱུས་ཀྱི་བྱུང་རབས་ངེས་ཅན་ཞིག་གིས་དེ་འདྲ་ཞིག་ཆགས་ཡོང་བ་དང། ལོ་རྒྱུས་དེའི་རྩ་བ་ཐུག་ས་ད་ལྟའི་རྒྱ་ནག་གུང་ཁྲན་ཏང་ངམ་རྒྱ་ནག་གི་སྲིད་གཞུང་དེ་རེད་ཅེས་དང། གཞན་ཡང་ཕྱི་ལོ་༡༩༤༠ ཙམ་ནས་རྒྱ་ནག་གུང་ཁྲན་ཏང་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང། བོད་ཆོལ་ཁ་གསུམ་དུ་མི་གསོད་རྟ་བསྒྱེལ་གྱི་གནས་ཚུལ་རིམ་པར་བྱུང་བའི་གཞི་རྩ་དེར་ཐུག་ཡོད་སྐོར་དང། ལྷག་པར་དུ་རྔ་པ་ཁུལ་དུ་ད་བར་སྦྱར་ཡིག་སྟོང་ཕྲག་ལྷག་དང་བོད་ཀྱི་རྒྱལ་དར་བརྒྱ་ལྷག་བཀྲམ་པ་སོགས་ཀྱི་ལས་འགུལ་དེ་རྣམས་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་དེ་མི་འགྲིག་པའི་རྐྱེན་གྱིས་ལས་འགུལ་དེ་དག་སྤེལ་བ་ལས། གཞན་གྱི་རྒྱུ་རྐྱེན་ཞིག་རྩ་བ་ནས་མེད་པའི་སྐོར། མདོར་ན་རྒྱ་ནག་གི་དམར་པོའི་ལྟ་བ་བོད་ཀྱི་དགོན་སྡེའི་ནང་དུ་བཙན་སྤེལ་བྱས་པ་དང། འདོད་པ་མེད་པ་ཞིག་བཙན་གྱིས་བསྒྲུབས་བཅུག་པའི་ཉེར་ལེན་ལ་བརྟེན་ནས་༢༠༠༨ ལོའི་དོན་རྐྱེན་སོགས་རིམ་པར་བྱུང་བའི་སྐོར་སོགས་ཞིབ་ཕྲ་གསུངས་སོང།
དེ་རྗེས་གྲྭ་བློ་བཟང་ཡེ་ཤེས་ཀྱིས་ད་ལྟའི་ཀིརྟི་དགོན་པའི་གནས་སྟངས་ངོ་སྤྲོད་གནང་དོན། སྤྱིར་བོད་ཁྱོན་ཡོངས་ལ་རྒྱ་གཞུང་གིས་དམ་དྲག་བཙན་གནོན་བྱེད་བཞིན་པ་རེད། ལྷག་པར་དུ་རྔ་པ་ཁུལ་ལ་མཚོན་ན། ཕྱི་ཟླ་༣ པའི་ཚེས་༡༦ ཉིན་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་གཅིག་པུ་ལ་བརྟེན་ནས། གྲྭ་པ་༣༠༠ ཙམ་འཛིན་བཟུང་དང་དགོན་པ་བཙོན་ཁང་ལྟ་བུར་བསྒྱུར་དགོས་པ་ཞིག་ཆགས་ཀྱི་ཡོད་མ་རེད། རྒྱ་གཞུང་གིས་ག་དུས་ཡིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་གང་དུ་ཡོད་པ་ཡིན་ཡང། དེ་རྩ་མེད་གཏོང་རྒྱུ་དེ་ཁོ་ཚོའི་དམིགས་ཡུལ་རེད། དམིགས་ཡུལ་དེ་ཡོད་སྟབས། གོ་སྐབས་བཟུང་ནས་རྩ་མེད་གཏོང་བའི་སྲིད་ཇུས་དེ་ལག་ལེན་དུ་བསྟར་ཡོང་གི་ཡོད་པ་རེད། གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེག་བཏང་བར་བལྟས་ན། ཚེས་༡༦ ཉིན་རང་ལུས་མེར་བསྲེག་བཏང་བ་རེད། ཚེས་༡༧ ཉིན་གྲོངས་ཚར་བ་རེད། གལ་སྲིད་ཁོང་ལ་ནག་ཉེས་ཡོད་ན་ཁོང་སྐུ་ཚེ་མཇུག་བསྒྲིལ་བ་དང་ལྷན་དུ་ནག་ཉེས་དེ་ཡང་མཇུག་བསྒྲིལ་དགོས་ཀྱི་ཡོད་པ་རེད།
མི་གྲོངས་ཚར་བའི་ནག་ཉེས་གཞན་ལ་འགེལ་སྟངས་ཤིག་འཛམ་གླིང་རྒྱལ་ཁབ་སུ་ཡིན་ནའང་ཡོད་མ་རེད། འོན་ཀྱང་ད་ལྟའི་ཀིརྟི་དགོན་པ་དང་མི་མང་རྣམས་ཉེས་མེད་བཙོན་པའི་ངོ་བོར་གནས་བསྡད་ཡོད་པ་རེད། རྒྱལ་ཁབ་རང་དབང་དང་མང་གཙོ་ལྡན་པའི་རྒྱལ་ཁབ་ཀྱི་བཙོན་པ་ལས་ཀྱང་སྡུག་པ་བྱས་ནས་གནས་དགོས་བྱུང་ཡོད་པ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན། བཙོན་པ་ཞིག་ཡིན་ན་ཉིན་རྟག་པར་འདྲི་བརྩད་བྱེད་པ་དང། བཅར་རྡུང་བྱེད་པ། ཉེན་རྟོག་པ་དང་དམག་མི་རྟག་པར་ཡོང་ནས་ལས་ཀ་བྱེད་པ་ཞིག་ཡོད་མ་རེད། ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་གཅིག་དང་ཞག་མ་བཅུའི་རིང་ཉིན་མཚན་འཁྱོལ་དཀའ་བའི་གནས་སྟངས། སྡུག་སྦྱོང། མནར་གཅོད། མཐོང་ཆུང། བརྙས་སྨོད། དངོས་གནས་མིའི་མི་ཚེའི་ནང་ལ་བཟོད་དཀའ་བའི་དཀའ་སྡུག་གི་འོག་ནས་དུས་ཚོད་བསྐྱལ་ཡོད་པ་རེད། ད་ལྟའི་ཆར་གྲྭ་པ་༣༠༠ ལྷག་གི་སྐུ་གཟུགས་ཀྱི་གནས་སྟངས་ག་རེ་ཡིན་པ། བཟའ་ཆས་རག་གི་ཡོད་མེད། སྡུག་སྦྱོང་མནར་གཅོད་ག་ཚད་མྱོང་གི་ཡོད་མེད་ཀྱི་གནས་ཚུལ་གཅིག་ཀྱང་གོ་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན་བློ་འཚབ་ཆེ་ཤོས་དེ་ཁོ་ཚོ་ཉི་མ་ཁ་ཤས་སམ་ཡང་ན་ལོ་ག་ཚོད་ཀྱི་རྗེས་སུ་ག་ཚོད་ཙམ་ཕྱིར་ལོག་ཐུབ་ཀྱི་ཡོད་མེད་དེ་རེད། བློ་འཚབ་ཡོད་པའི་རྒྱུ་མཚན་དེ་ད་ལྟ་བར་དུ་ཆབ་སྲིད་བཙོན་པ་གློད་གྲོལ་བཏང་བའི་ནང་ནས་གཟུགས་པོ་ཐང་ཐང་ཡོད་མཁན་ཡོད་མ་རེད། གནས་ཚུལ་དེ་དག་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དྲང་པོ་དྲང་བཞག་གིས་སྙན་ཞུ་བྱེད་དགོས་པ་དེ་ང་ཚོའི་སེམས་ཁོང་གི་རེ་བ་ཡིན།
དེ་རིང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་དཔོན་པོ་ཞིག་རྒྱ་གར་ལ་ཡོང་ནས་རྒྱ་གར་གྱི་དཔོན་རིགས་དང་མཉམ་དུ་སྐད་ཆ་བཤད་ཀྱི་ཡོད་པའི་གནས་ཚུལ་ཞིག་འདུག ང་ཚོས་དེ་དག་ལ་ག་རེ་ཞུ་རྒྱུ་ཡོད་ཟེར་ན། གྲྭ་པ་༣༠༠ ལྷག་གཙོས་པའི་བཙོན་པ་དེ་ཚོ་ལ་ཉེས་པ་ག་རེ་ཡོད་མེད་རྒྱལ་སྤྱིའི་སྒང་ལ་གསལ་འདོན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱ་ནག་ཤིན་ཧྭ་གསར་ཁང་གིས་ཀིརྟི་གྲྭ་པ་རྣམས་གཞང་བཙོང་ཁང་ལ་འགྲོ་ཡི་ཡོད་པ་དང། དགོན་པའི་ནང་ར་བཟི་བསྡད་ཡོད་པ། མེ་མདའ་སོགས་མཚོན་ཆ་ཉར་བསྡད་ཡོད་པ་རེད་ཟེར་བ་རེད། དེ་དག་ངེས་པར་དུ་བདེན་དཔང་དང་ཁུངས་སྐྱེལ་དགོས་ཞེས་ཟི་ཁྲོན་གྱི་དཔོན་པོ་གཙོ་བོར་གྱུར་པའི་རྒྱ་ནག་གི་དཔོན་རིགས་ཚོ་ལ་བཤད་རྒྱུ་ཡིན། དེ་བཞིན་ཆོས་སྡེ་ཆེན་པོ་ཞིག་རྩ་མེད་དུ་འགྲོ་བའི་ཉེན་ཁ་དེ་ལས་སྐྱོབས་ཐབས་ཤིག་དང། བཙོན་པ་ཚོའི་སྐུ་སྲོག་ལ་ཉེན་ཁ་མི་ཡོང་བ་ཞིག ཤིན་ཧྭ་གསར་ཁང་གིས་གྲྭ་ཕུན་ཚོགས་རང་ལུས་མེར་བསྲེག་གཏོང་སྐབས་མྱུར་སྐྱོབས་བྱེད་མི་བཅུག་མཁན་དེ་གྲྭ་པ་རྣམས་རེད་ཅེས་བཤད་པ་དེར་གཞིགས་ན། དེའི་སྐབས་སུ་གྲྭ་ཕུན་ཚོགས་ཀྱི་སྐུ་ཕུང་ཚུར་འཕྲོག་མཁན་གྱི་གྲྭ་པ་རྣམས་ཀྱི་སྐུ་སྲོག་ལ་ཉེན་ཁ་ཡོད་པ་ཞིག་རེད། ཕུན་ཚོགས་གྲོངས་པའི་ནག་ཉེས་ཡོངས་རྫོགས་གྲྭ་པ་ཚོའི་མགོ་ལ་ཚུར་འགེལ་རྒྱུ་ཡིན་པ་གསལ་པོ་ཡིན་སྟབས། དེར་བརྟེན་ཁོང་ཚོའི་སྐུ་སྲོག་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ་ག་རེ་གནང་རྒྱུ་འདུག རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་བོད་རིགས་ཡོངས་ལ་བཀོད་ཁྱབ་བཏང་ནས་ཞིང་ཆེན་ཡོངས་སུ་ཕྱི་རྒྱལ་གྱི་སྐུ་མགྲོན་སྣེ་ལེན་བྱེད་རྒྱུ་མེད་པ་དང། སྐུ་མགྲོན་ཡོད་པ་རྣམས་ཕྱིར་འབུད་ཐབས་བྱེད་དགོས་པའི་ཛ་དྲག་གི་བཀའ་བཏང་བ་དེ་དང། དགོན་པའི་ནང་གི་གྲྭ་པ་རྣམས་འུ་ཐུག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ལ་ཡོང་གི་མིན། ག་རེ་བྱས་ན་གྱིས་ཞེས་ཤག་ནང་དུ་འཛུལ་དགོས་པ་ཆགས་པའི་གནས་སྟངས་ལ་བལྟས་ན། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་ཞིག་བྱེད་རྒྱུ་མིན་ནམ་སྙམ་པ་ཞིག་འདུག་པས། དེ་ཚོའི་ཐོག་ལ་རྒྱལ་སྤྱིའི་ཚོགས་སྡེ་རྣམས་ལ་འགྲེལ་བརྗོད་ཀྱིས་རོགས་རམ་གང་ལེགས་གནང་རོགས་ཞེས་སོགས་བརྗོད་སོང།།
{jcomments on}