དྷ་ས་ནས་ལྡི་ལི་བར་སེར་སྦྲེངས་གོམ་བགྲོད་དབུ་འཛུགས།

ཟླ་འདིའི་ཚེས་༢༦ ཉིན་དྷ་སར་རྟེན་གཞི་བྱས་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་༡༠༠ ལྷག་ཙམ་གྱིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་ནས་ལྡི་ལི་བར་སེར་སྦྲེངས་སྙན་སྐུལ་སྨོན་ལམ་ཞེས་པའི་གོམ་བགྲོད་འགོ་འཛུགས་གནང་ཡོད་པ་དང། གོམ་བགྲོད་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ། ཀིརྟི་རིན་པོ་ཆེ་བཅས་ཆེད་ཕེབས་གནང་འདུག སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན།

ད་ལྟའི་གནས་སྐབས་ལ་བོད་ནང་དམིགས་བསལ་གྱིས་རྒྱ་མིའི་གདུག་རྩུབ་དང་གཉའ་གནོན་ཛ་དྲག་ཆགས་ཀྱི་ཡོད་པ་དང། ལྷག་པར་དུ་ཟླ་བ་གཅིག་ཡས་མས་ཀྱི་རིང་ལ་རྔ་པ་ཀིརྟི་དགོན་པར་ཛ་དྲག་གི་གནས་སྟངས་འོག དགེ་འདུན་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་དགོན་པ་ཆགས་འཇིག་གི་མཚམས་སུ་སླེབས་ཡོད་པ་རེད། དེའི་དོན་དག་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། བཙན་བྱོལ་ནང་གི་བོད་མི་ཚང་མས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱས་པ་དང། ད་ལྟའི་སྐབས་ཀིརྟི་དགོན་པས་མཚོན་པའི་བོད་ནང་གི་དགོན་སྡེ་ཁག་དེ་ཚོ་རིམ་པས་རྩ་མེད་འགྲོ་རྒྱུ་དང། བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གྱི་གོམས་པའི་གཤིས་ལུགས་སོགས། རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་གཏོང་གི་ཡོད་པ་རེད་ཅེས་གསུངས་སོང།

peacemarch02ཡང་ཁོང་གིས་མུ་མཐུད་ནས། རྗེས་ཤུལ་བོད་མི་ཚང་མས་རང་རང་སོ་སོའི་སྐབས་དང་དུས་ལ་བསྟུན་ནས་གདུང་སེམས་མཉམ་བསྐྱེད་དང་མཉམ་རུབ་ཀྱིས་ལས་དོན་མང་པོ་ཞིག་གནང་དང་གནང་བཞིན་པ་རེད། དེ་རིང་དྷ་སའི་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་སྐོར་ཞིག་གིས། དྷ་ས་ནས་ལྡི་ལིའི་བར་ཞི་བའི་གོམ་བགྲོད་གནང་རྒྱུའི་འཆར་གཞི་ཡོད་པ་དེ། ཆོས་ཀྱི་འདུལ་བ་བཞིན་བྱས་ནས་འཚེ་མེད་ཞི་བའི་ལམ་འབའ་ཞིག་གི་ཐོག་ནས་གནང་དགོས་པ་དང།  ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་དེར་ནུས་པ་ཐོན་དང་མི་ཐོན་ལམ་འགྲོ་རྒྱུག་དང་མི་རྒྱུག་དེ། ང་རང་ཚོའི་ལུས་ངག་ཡིད་གསུམ་གྱི་འཚེ་བ་མེད་པའི་ལྟ་སྤྱོད་དེ་ཇི་ཙམ་བརྟན་པོ་དང་ཡང་དག་པ་ཡིན་མིན་ལ་ཞེ་དྲག་རག་ལས་ཀྱི་ཡོད་པ་རེད་བསམ་གྱི་འདུག སྤྱིར་བཏང་བོད་པའི་དྲང་བདེན་གྱི་འཐབ་རྩོད་དེ་དངོས་གསལ་དོད་པོས་འཚེ་བ་མེད་པ་བྱས་ནས་ལོ་བཞི་བཅུ་ཞེ་གྲངས་ཤིག་འགྲོ་ཡི་ཡོད་པ་རེད། ཡིན་ནའང་དོན་དམ་ང་ཚོའི་བསམ་བློའི་ནང་གི་འཚེ་བ་དེ་སྤངས་ཐུབ་ཡོད་དང་མེད་ད་དུང་ཡང་ཐེ་ཚོམ་རེད། ད་ཐེངས་ཁྱེད་རང་ཚོ་རབ་བྱུང་གི་སྡེས་དམིགས་བསལ་གྱིས་ལས་འགུལ་ཞིག་སྤེལ་གྱི་ཡོད་པས། ང་ཚོའི་འཚེ་བ་མེད་པའི་ལས་འགུལ་དོན་དམ་གྱི་འཚེ་བ་མེད་པ་ཡོང་རྒྱུའི་ཐབས་ཤེས་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་ཡི་ཡོད།

གལ་སྲིད་དོན་དམ་གྱི་འཚེ་བ་མེད་པའི་ལས་འགུལ་ཞིག་བྱུང་བ་ཡིན་ན། ལས་འགུལ་འདི་ལ་ནུས་པ་ཐོན་དང་མི་ཐོན་ཐེ་ཚོམ་མེད་པ་རེད། གཙོ་བོ་འགྲོ་བ་སེམས་ཅན་ཡོངས་ལ་སྙིང་རྗེ་དང་བྱམས་སེམས་སྒོམ་རྒྱུ། དམིགས་བསལ་གྱིས་བཙན་གནོན་དང་གནར་གཅོད་གཏོང་མཁན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་དང། ཁོ་ཚོའི་བཀོད་བྱུས་འོག་ཏུ་ཡོད་པའི་འཚེ་བ་ལག་ལེན་ལ་བསྟར་མཁན་གྱི་མི་དེ་ཚོ་བྱམས་པ་དང་སྙིང་རྗེའི་ཡུལ་དུ་འཇོག་དགོས་རྒྱུ་དང། མི་དེ་ཚོ་མ་རིག་པའི་གཞན་དབང་དང་རང་རྒྱལ་ཕམ་གྱི་བསམ་བློའི་དབང་དུ་སོང་ཡོད་པ་དང། ང་ཚོས་མི་དེ་ཚོར་ཁ་གཏད་གཅོག་རྒྱུ་ལ་ཁོང་ཁྲོའི་རྣམ་པ་སྤུ་ཙམ་ཡང་མེད་པ། བྱམས་པ་དང་སྙིང་རྗེ་ཡག་དག་པ་ཞིག་གི་ཐོག་ནས་ཁོ་ཚོས་བྱེད་བཞིན་པའི་བྱ་བ་དེ་ཚོ་ལ་ང་ཚོས་ངོ་རྒོལ་ཞིག་བྱེད་ཐུབ་པ་ཡིན་ན། ཏན་ཏན་ནུས་པ་ཐོན་རྒྱུ་དང་ཕོ་རོལ་པོའི་བྱ་བ་དེ་ཚོ་འགུག་ཐུབ་ཀྱི་རེད་བསམ་གྱི་ཡོད་ཅེས་གསུངས་སོང་།

དེ་ནས་ཀིརྟི་དགོན་པའི་ངོས་ནས་གོམ་བགྲོད་འདི་དང་འབྲེལ་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་གསུམ་ཅན་ཞིག་ཁྱབ་བསྒྲགས་བྱས་སོང། ༡  འཛམ་གླིང་མི་མང་དང་སྲིད་གཞུང་། གྲོས་ཚོགས། སྟོན་པ་དང་བསྟན་པ་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་ནང་པ་ཡོངས་ཀྱིས་ཀིརྟི་དགོན་པ་མྱུར་སྐྱོབ་ཀྱི་ཛ་དྲག་ལས་འགུལ་སྤེལ་རོགས། ༢ པཎ་ཆེན་རིན་པོ་ཆེ་དང་ཀིརྟི་དགོན་གྱི་གྲྭ་བློ་བཟང་དང་བརྩོན་འགྲུས་དང་བློ་བཟང་དར་རྒྱས་སོགས་རྔ་པ་ཁུལ་གྱི་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས། ༣ རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང། སྨྲ་བརྗོད་རང་དབང། ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་དགོས་ཞེས་འཁོད་ཡོད་པ་རེད།།