ཞེ་ཆེན་དགོན་པའི་གར་འཆམ་ཆེན་མོ།

དེའི་ཐད་གོ་སྒྲིག་བྱེད་མཁན་གཙོ་བོ་བྱང་གླིང་སྤྲུལ་སྐུ་མཆོག་ནས་གསུང་དོན། དེ་སྔོན་བོད་དུ་ཐོག་མར་མཐོང་གྲོལ་ཚེས་བཅུ་ཆེན་མོའི་འཆམ་བྱུང་བ་ནས། སྔ་འགྱུར་རྙིང་མའི་གདན་ས་ཁག་ཡོངས་སུ་རྫོགས་པར་གར་འཆམ་དེ་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་ཆེན་བཅུ་བར་སྤྲེལ་ཟླ་ཚེས་བཅུ་མཐོང་གྲོལ་ཆེན་མོ་ཞེས་འཆམ་སྲོལ་ཡོད་པ་དང་། བལ་ཡུལ་དུ་གནམ་གཤིས་དང་གནས་ཚུལ་མི་ཉུང་བར་ལྟོས་ནས། བོད་ཟླ་གཉིས་པའི་ཚེས་བཅུ་ལ་ལོ་ལྟར་འཆམ་བཞིན་པ་དང་། བལ་ཡུལ་དུ་འདུལ་མགོན་མཁྱེན་བརྩེ་རིན་པོ་ཆེ་བདེ་བར་གཤེགས་པ་མཆོག་གིས་ཞེ་ཆེན་དགོན་པ་ཕྱག་བཏབ་པ་ནས། ལོ་ལྟར་ཆད་མེད་བྱས་ཡོད་ཐོག་འཆམ་འདི་བཞིན་གླུ་དང་གར་གྱི་རང་བཞིན་ཙམ་མ་ཡིན་པས། ཞེ་ཆེན་དགོན་པར་མཚོན་ན་སློབ་གྲྭ་དང་། གྲྭ་ཚང་། བཤད་གྲྭ། སྒྲུབ་གྲྭ་སོགས་ཡོད་པ་ནས་གྲྭ་ཚང་གི་ཁོངས་སུ་ཚུད་པ་དགེ་འདུན་པ་ཚང་མས་གཙོ་བོ་ཆོ་ག་ཕྱག་ལེན། གཏོར་གསོལ་རྒྱན་གསོལ། དུང་རྒྱ་གླིང་། འཆམ་ལ་སོགས་པ་སློབ་ཚན་ལྟ་བུར་བརྩིས་ནས་ཐོག་མའི་ལོ་གསུམ་ཙམ་རིང་སྦྱངས་དགོས་པས། ལོ་རེའི་ཚེས་བཅུའི་གར་མཆམ་ལ་དཀའ་ངལ་མེད་པར་རང་གྲུབ་ལྟ་བུ་ཡིན་པ་གསུངས་པ་ལྟར། ཞེ་ཆེན་དགོན་པའི་གཙུག་ལག་ཁང་གི་མདུན་དུ་ཚེས་བཅུའི་གར་འཆམ་ལ་རིམ་པས་མཚམས་གཅོད་དང་། བྱིན་འབེབས། དཔལ་འཆམ། གསེར་སྐྱེམས། གཏུམ་ངམ། ཚོགས་ལེན། གིང་ཆེན་བཅུ་དྲུག། གུ་རུ་མཚན་བརྒྱད་བཅས་་འཆམས་པ་དང། ཕྱི་གླིང་བ་མི་ཉུང་བ་ཡང་ཕེབས་འདུག།

tsejucham 2གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྤྱིར་བོད་བརྒྱུད་ནང་བའི་སྔ་འགྱུར་རྙིང་མ་པར་བོད་ནང་སྟོད་ལ་རྡོ་རྗེ་བྲག་དང་མུན་གྲོལ་གླིང་། བར་ལ་ཞེ་ཆེན་དང་རྫོགས་ཆེན། སྨད་ལ་ཀཱ་ཐོག་དང་དཔལ་ཡུལ་ཞེས་གདན་ས་ཆེན་པོ་དྲུག་ཡོད་པའི་ཡ་གྱལ་དང། རྙིང་མའི་མ་དགོན་ལྟ་བུ་ཆགས་ཡོད་པ་སྔོན་རབ་འབྱམས་བསྟན་པའི་རྒྱལ་མཚན་མཆོག་ནས་བོད་མདོ་ཁམས་སེ་ཆེན་ལ་ཕྱག་བཏབ་པ་དང། ཕྱི་ལོ་༡༩༥༩ ལོར་བོད་ས་རྒྱ་ནག་གིས་བཙན་བཟུང་བྱས་བ་ནས་བོད་ནང་གི་དགོན་སྡེ་ཁག་ལ་ཆགས་འཇིག་དང་བླ་ཆེན་མང་པོ་བཙན་བྱོལ་བ་ཡོང་དགོས་བྱུང་རྗེས་༡༩༨༠ ལོར་འདུལ་མགོན་མཁྱེན་བརྩེ་རིན་པོ་ཆེ་ནས་བལ་ཡུལ་དུ་ཞེ་ཆེན་དགོན་པ་ཕྱག་བཏབ་པ་དང་། རབ་འབྱམས་རིན་པོ་ཆེ་ནས་རྒྱུན་བསྐྱངས་གནང་བཞིན་པར་ད་ལྟ་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་བའི་དགེ་འདུན་པའི་གཙོས་བོད་མི་སོགས་བསྡོམས་དགེ་འདུན་པ་༤༥༠ ཙམ་ཡོད་པ་རེད་འདུག།།
བལ་ཡུལ་གསར་འགོད་པས།